མེང་ལོར་མཐོ་རིམ་སློབ་མ་བརྒྱ་ཕྲག་ལྷག་གིས་གཟའ་ཉི་མའི་ཉིན་ཞི་བའི་གོམ་བགྲོད། བཀྲ་ཤིས་བདེ་ལེགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན།

བཀྲ་ཤིས་བདེ་ལེགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན།

ཟླ་འདིའི་ཚེས་ ༢༣ ཉིན་རྒྱབ་རྒྱ་གར་ལྷོ་ཕྱོགས་མང་ལོར་གྲོང་ཁྱེར་དུ་ཡོད་པའི་བོད་རིགས་མཐོ་རིམ་སློབ་མ་༡༧༠ ལྷག་ཅིག་གིས་བོད་ནང་གདུང་སེམས་མཉམ་བསྐྱེད་ཆེད་ཞི་བའི་གོམ་བགྲོད་ཅིག་བྱས་ཡོད་པ་དང་། ས་གནས་དེའི་སློབ་མ་བློ་བཟང་སྒྲོལ་དཀར་གྱིས་གནས་གཚུལ་མཁོ་སྤྲོད་བྱེད་སྐབས། ད་ལྟ་ང་ཚོ་གོམ་བསྒྲོད་ལ་འགྲོ་བཞིན་པ་ཡིན། ང་ཚོ་འདི་ནས་ཀེ་ལོ་མེ་ཊར་ལྔ་མ་ཟིན་ཙམ་གྱི་ལམ་ལ་ཞི་བའི་གོམ་བགྲོད་བྱེད་རྒྱུར་ས་གནས་ཉེན་རྟོག་པས་ཆོག་མཆན་སྤྲད་སོང་། ང་ཚོས་ལས་འགུལ་འདི་གཙོ་བོ་བོད་མདོ་ཁམས་ཁུལ་དུ་བོད་རིགས་སྤུན་ཟླ་མང་པོས་རང་ལུས་མེ་རུ་སྤར་ནས་རྒྱ་གཞུང་ལ་ངོ་རྒོལ་དང་བོད་རང་དབང་འཐབ་རྩོད་བྱེད་བཞིན་པ་རེད་ལ། བཙན་བྱོལ་གཞུང་མང་གི་ངོས་ནས་ཀྱང་དེ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བ་རེད། སོང་ཙང་། ང་ཚོས་ནམ་རྒྱུན་ནས་བོད་དོན་ལས་འགུལ་གང་ཐུབ་ཐུབ་སྤེལ་ཀྱི་ཡོད་ལ། ད་ཐེངས་ཡང་ཡུལ་ཁྲིམས་དང་མ་འགལ་བའི་ཐོག་ནས་བོད་ནང་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་བའི་གོམ་བགྲོད་ལས་འགུལ་འདི་སྤེལ་བ་ཡིན་ཅེས་བརྗོད་སོང་།

ཁོང་ཚོས་ལས་འགུལ་སྐབས་ལུས་ལ་གོས་ནག་པོ་གྱོན་ཞིང་། མགོ་ལ་རས་དམར་པོ་རེ་གཡོགས། ལག་དུ་འབོད་ཚིག་སྣ་ཚོགས་འཁོད་པའི་བྱང་བུ་དང་བོད་ཀྱི་རྒྱལ་དར་ཕྱར་ཏེ། ངག་གིས་གསོལ་འདེབས་སྔོ་སྨོན་འདོན་བཞིན་གྲོང་ཁྱེར་རྒྱ་ལམ་བརྒྱུད་ལེ་བར་ལྔ་ཙམ་ལ་གོམ་བགྲོད་བྱས་ཡོད་པ་རེད།