བོད་རྒྱལ་ལོ་ ༢༡༣༥ ཕྱི་ལོ་ ༢༠༠༨ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་བཤད།

༄༅། །དེ་རིང་འདིར་འགྲོ་བ་ལྷ་དང་བཅས་པའི་མགོན་ྋསྐྱབས་བླ་ན་མ་མཆིས་པ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག གངས་ལྗོངས་སྐྱེ་འགྲོ་ཀུན་གྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། རང་རེའི་ཆོས་སྲིད་ལུགས་གཉིས་ཀྱི་དབུ་ཁྲིད། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཡི་ཕྲེང་བ་བཅུ་བཞི་པ་མཆོག་གི་འཁྲུངས་སྐར་དུས་དྲན་མཛད་སྒོ་ཚར་དུ་དངར་བ་སྐྱོང་བཞིན་པའི་སྐབས་འདིར་ཕེབས་བཞུགས་གནང་བའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང༌། ཡབ་གཞིས་སྐུ་འཁོར་རྣམ་པ། བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པས་དབུས་གཞུང་ཞབས་ལས་ཟུར་རྣམ་པ། ཕྱི་ནང་སྐུ་མགྲོན་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ། འདིར་འདུས་མང་ཚོགས་དང་བརྩེ་བའི་སློབ་ཕྲུག་རྣམ་པ་བཅས་ལ་ཕྲན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དགའ་སེམས་འཁོལ་བའི་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

མགོན་པོ་གང་ཉིད་བོད་ལུགས་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ཟླ་ ༥ ཚེས་ ༥ དང༌། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་མངའ་ཁོངས་མདོ་སྨད་ས་ཡི་ཐིག་ལེར་སྟག་འཚེར་དུ་ཡབ་ཡུམ་རིགས་རུས་ཕུན་སུམ་ཚོགས་པའི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ལེགས་པར་སྐུ་བལྟམས། རྒྱལ་ཚབ་རྭ་སྒྲེང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཐུགས་ཁུར་ཆེར་བཞེས་ཀྱིས་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་ཀྱི་བོད་མི་ཡོངས་ཀྱི་མགོན་དཔུང་དམ་པར་མངའ་གསོལ་བཀྲིན་ཆེ་བ་སྟེ། དེ་རིང་བཀྲིས་དགའ་བ་འབུམ་ལྡན་གྱི་ཉིན་མོ་འདིར་སྒོ་གསུམ་མི་ཕྱེད་དད་པས་འཚམས་ཞུ་དང་སྦྲགས་མཁའ་མཉམ་སྐྱེ་འགྲོ་སྤྱི་དང༌། བྱེ་བྲག་ཏུ་གང་གི་སྐྱོང་ཡུལ་ཆོས་ལྡན་ཞིང་གི་བོད་འབངས་ཉམ་ཐག་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ྋཞབས་པད་སྲིད་མཐར་བརྟན་ཅིང༌། རྒྱ་ཆེར་རྒྱུན་མི་ཆད་པའི་འཕྲིན་ལས་འགོག་མེད་དུ་བསྐྱང་བའི་གསོལ་འདེབས་སྨོན་འདུན་ཤུགས་དྲགས་ཞུ་རྒྱུ་ཡིན།

ལོ་རྒྱུས་བྱུང་རབས་ནས་མཁྱེན་མུས་ཡང་མགོན་པོ་གང་གི་བཀྲིན་རྗེས་དྲན་ཚུལ་དུ་མདོར་ཙམ་ཞུ་ན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༦ ལ་ཕེབས་སྐབས་ཛ་དྲག་ཐོག་བོད་འབངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པའི་རེ་དོན་བཞིན་བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་མ་ཐག བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་སྣུམ་ཟད་མར་མེའི་ངང་ཚུལ་དུ་གནས་ཡོད་པ་མ་ཟད། ཁྱིམ་མཚེས་རྒྱ་ནག་གི་བཙན་འཛུལ་དབང་ཤུགས་ཤོག་བུ་སྣུམ་བཟས་ཀྱི་དཔེ་བཞིན་བོད་ས་ཡོངས་ལ་ཁྱབ་སྟེ་གང་ཉིད་ཀྱིས་རྒྱ་བོད་དབར་ཞི་མཐུན་འགྲིགས་འཇགས་ཀྱི་གུ་ཡངས་དཀྱེལ་ཆེའི་དགོངས་གཞིར་རྒྱ་དམར་འགོ་འཁྲིད་པས་ངེས་ཤེས་མ་རྙེད་པར་མཐར་བོད་ཀྱི་བདེན་མཐའ་གསལ་ཐབས་དང༌། འཕྲལ་སྒང་བོད་མི་རྣམས་རྒྱ་དམར་གྱི་བཙན་འོག་མི་གསོད་ཁྲག་སྦྱོར་ལས་སྐྱོབས་ཐབས་རེ་ཞིག་གང་ཉིད་སྐུ་འཁོར་དང་བཅས་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་ལ་མ་ཕེབས་མཐུ་མེད་ཆགས་ཞིང༌། སྐབས་དེར་ྋགོང་ས་མཆོག་གི་བོད་ཀྱི་གནས་བབ་ལ་གཞིག་པའི་མཛད་རྗེས་གལ་ཆེ་འགའ་ཞིག་ཞུ་རྒྱུར།

༡༽ བོད་དོན་བདེན་མཐའ་གསལ་སླད་མ་འོངས་བོད་ཀྱི་འཛུགས་སྐྲུན་ལ་མཁོ་བའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ངོ་བོ་མང་གཙོ་ཅན་དུ་བཅོས་སྒྲིག་རིམ་པ་གནང་མཐར་ད་ཆ་ཁྲིམས་ལུགས་དབང་བསྒྱུར་ཡང་དག་པའི་མང་གཙོ་ལམ་ལུགས་ཡོངས་སུ་ལོངས་སྤྱོད་བཞིན་པ་འདི་ལྟ་བྱུང༌།

༢༽ བོད་ཕྲུག་ན་གཞོན་རྣམས་ལ་མ་འོངས་བོད་ཀྱི་བདག་པོར་དགོངས་བཞེས་ཀྱིས་བོད་ཕྲུག་ཁེ་གཙང་གི་གཏན་ཉིན་སློབ་གྲྭ་ཁག་གསར་འཛུགས། གཞན་ཡང་མཐོ་སློབ་ཁག་ནས་སྦྱང་འབྲས་ཐོན་ཏེ་ཤེས་ཡོན་ཅན་གྱི་བཙན་བྱོལ་སྤྱི་ཚོགས་ཆགས་པ་མ་ཟད། ད་ཆ་ཁྱད་ལས་ཤེས་ཡོན་གྱི་ཕྱུག་པའྀ་བཙན་བྱོལ་སྤྱི་ཚོགས་སུ་གྱུར་ཏེ་སྤྱི་སྒེར་བྱ་སྒོ་ཡོངས་རྫོགས་བོད་མི་རང་ཉིད་ཀྱི་མི་སྣས་འགན་ཁུར་སྣེ་ཁྲིད་བྱེད་པ་འདི་བྱུང༌།

༣༽ བོད་མིའི་ངོ་བོ་མ་བརླག་པའི་ཆེད་བོད་མིའི་གཞིས་སྒར་ཁག་དང༌། བཟོ་ལས་སྡོད་སྒར་ཁག་ཟུར་འཛུགས་གནང་འབྲས་ད་ཆ་བོད་མིའི་རང་བཞིན་གནས་བབ་གོང་བོ་གཅིག་ཏུ་སྒྲིལ་ཏེ་མཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་གཤིས་སྤྱོད་བཟང་པོ་དར་རྒྱས་ཡུན་གནས་ཐུབ་པའི་དགེ་མཚན་མཐོང་རྒྱུ་ཡོད་པ་འདི་བྱུང༌།

༤༽ བོད་ནང་རྒྱ་མིས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་འོག་བོད་ཀྱི་ནང་བསྟན་རིན་པོ་ཆེར་ཉམས་དམས་རྒུད་ཚོགས་ཆེ་རུང༌། ྋརྒྱལ་མཆོག་གང་ཉིད་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཙམ་དུ་མ་ཟད། འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་མཛད་འཕྲིན་ཕྱོགས་བཅུར་རྒྱས་འབྲས་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་བྱམས་དང་སྙིང་རྗེའི་གཏེར་ཆེན་དུ་ངོས་འཛིན་ཞུས་ཏེ། ཆེ་བསྟོད་ཀྱི་ཕུལ་བྱུང་གཟེངས་རྟགས་གྲགས་ཅན་གྲངས་ལས་འདས་པ་ཕུལ་བ་དང༌། རྒྱལ་ཁབ་རང་ཉིད་ཀྱི་ཆབ་འབངས་ཀྱི་མཚན་གནས་འབུལ་བཞེས་རེ་བསྐུལ་ཞལ་བཞེས་བསྐྱངས་པ་བཅས། མདོར་ན་རང་ཅག་ཁ་བ་ཅན་གྱི་བོད་དང་བོད་མིའི་མདུན་ལམ་སླད་རྒྱལ་མཆོག་གང་ཉིད་ཀྱིས་སྔོན་གྱི་དམ་བཅའ་བདག་གིར་སྐྱོང་བཞེས་ཀྱི་གཟིགས་པ་ཆེན་པོ་རྣམས་བོད་མི་རྩམ་ཟན་ཡོངས་ནས་དུས་རྟག་ཏུ་བསམ་ཤེས་དགོས་པ་ནི་སྨོས་ཅི་དགོས། འོན་ཀྱང་བོད་མི་བསམ་མེད་ཉུང་ཤས་ཀྱིས་བོད་མི་རིགས་ཀྱི་ལར་ཞེན་དང༌། བླ་སློབ་ཀྱི་དམ་ཚིག་ཉམས་པའི་ལས་ངན་རང་ཉིད་རང་གིས་ཕུང་ལ་སྦྱོར་བའི་བྱ་སྤྱོད་རེ་ཟུང་ཡོང་འདུག་པ་དཔེར་ན་དོལ་རྒྱལ་བསྟེན་གསོལ་བྱེད་པ་ལྟ་བུ་ཆོས་མིན་ཆོས་སྤྱོད་ཡིན་ཚུལ་གྱིས་དགྲ་བོའི་བེད་སྤྱོད་དུ་འཚུད་དེ་བཀྲིན་གསུམ་ལྡན་གྱི་རྒྱལ་མཆོག་གང་ཉིད་ལ་བློ་ཡུལ་ལས་འདས་པའི་མཚན་སྨད་ཞུས་པ་དང་ཁྲིམས་སར་སྦྱར་བ་སོགས་ལ་ཚང་མས་དམིགས་བསལ་ཡིད་གཟབ་གནང་གལ་ཆེ། དོལ་རྒྱལ་ཐད། སྲེག་བཅད་བདར་གསུམ་གནང་བའི་བཀའ་སློབ་དེ་དག་བོད་མིའི་སྤྱི་སྒེར་གྱི་བདེ་ཐབས་ཁོ་ནར་ཕས་བུ་ལ་གདམས་པའི་མན་ངག་མཆོག་ཏུ་བཀུར་འོས་པར་ངོས་འཛིན་གྱིས་གདན་སའི་མཁས་མང་དགེ་འདུན་སྟོང་ཚོ་མང་པོས་དྭང་བས་ཀུན་བླངས་ཀྱིས་ཚུལ་ཤིང་ཐོག་ནས་ནང་བསྟན་དག་ཐེར་ལ་བསྔགས་བརྗོད་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་སྔ་ནས་དོར་དུ་མི་རུང་བའི་རིན་ཐང་ཅན་གྱི་བཀའ་སློབ་སྔ་ཕྱི་ཕེབས་པ་རྣམས་ཧ་ཅང་གལ་ཆེ་གཟིགས་ཏེ་ད་བར་དོལ་རྒྱལ་གནད་དོན་ཐོག་གྲོས་ཚོགས་སུ་གྲོས་ཆོད་རིམ་པ་གསུམ་བཞག་ཟིན་པ་ལྟར་རིང་མིན་ཕྱོགས་བསྒྲིག་བྱས་ཏེ་འགྲེམས་སྤེལ་ཞུ་རྒྱུར་ཚང་མས་ཕྱག་ལེན་དོན་འཁྱོལ་དགོས་པ་གོ་སྐབས་འདི་བརྒྱུད་འབོད་བསྐུལ་ཞུ་ཡི་ཡོད།

སྤྱི་ནོར་ྋགོང་ས་ཆེན་པོ་མཆོག་གིས་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་བོད་དང༌། རྒྱ་ནག་དབར་གྱི་གནད་དོན་ཐད་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་གཏན་འབེབས་དང་སྦྲགས་ད་བར་ྋགོང་ས་མཆོག་གི་སྐུ་ཚབ་དང༌། རྒྱ་གཞུང་གི་སྐུ་ཚབ་དབར་གྲོས་མོལ་སྔ་ཕྱི་ཐེང་དྲུག་བྱུང་བར་དོན་སྙིང་ལྡན་པའི་ཐག་གཅོད་གང་ཡང་མ་བྱུང་བའི་བརྒྱུད་རིམ་ནས་ཉེ་ཆར་ཕྱོགས་གཉིས་ཀྱི་སྐུ་ཚབ་གྲོས་མོལ་ཐེང་བདུན་པ་དེའི་གྲུབ་འབྲས་བཟང་ཕྱོགས་སུ་འགྱུར་བ་ཐེབས་ཡོད་མེད་ཀྱི་འགན་དེ་ཀྲུ་ཧང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་འཁྲིད་ཚོར་ཡོད། རྒྱ་ནག་སྲིད་གཞུང་གི་མི་སྣས་ྋགོང་ས་མཆོག་གི་གུ་ཡངས་དཀྱེལ་ཆེའི་དགོངས་གཞིའི་ཚད་ལ་མ་སྙོབ་པའི་ཞན་ཆ་ངོས་འཛིན་གྱིས་འཛམ་གླིང་ནང་གི་བློ་གྲོས་ལྡན་པའི་སྐྱེ་རྒུ་གཞན་མཚུངས་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོས་གོ་རྟོགས་ངེས་རྙེད་ཀྱི་བློ་སྟོབས་རྣམ་དཔྱོད་འོག་ནས་དངོས་ཐོག་བདེན་འཚོལ་གྱི་མངོན་དོད་གསལ་བཟོ་བྱེད་དགོས་པའི་དུས་སུ་བབས་ཡོད། གྲོས་མོལ་འགྲོ་བཞིན་པའི་སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་ཧྲུཅི་ཀྲང་ཆིས་ལིས་ཉེ་ཆར་བོད་ས་རྒྱ་ཁྱབ་ཀྱི་ཞི་རྒོལ་བྱུང་རྐྱེན་རྒྱ་མིས་བོད་ལ་འཛིན་པའི་སྲིད་བྱུས་ནོར་བ་ཁས་བླང་བྱེད་རྒྱུའི་ཚབ་ཏུ་ྋགོང་ས་མཆོག་དང་བཙན་བྱོལ་གཞུང་གིས་བརྒྱུད་བསྐུལ་ཡིན་ལུགས་བཅོས་མའི་བསྒྲགས་གཏམ་སྤེལ་བ་ནི་རང་གི་ནོར་བ་འགེབ་སྲུང་བྱེད་པའི་ཆར་ཅན་སྲིད་བྱུས་ཞིག་ཡིན་པར་ངོས་འཛིན་བྱེད་པ་ལས་གཞན་རྒྱུ་མཚན་གང་ཡང་མ་མངོན།

རྒྱ་མིས་བོད་བཙན་བཟུང་བྱས་ནས་མི་ལོ་བཅུ་ཕྲག་ལྔ་ཙམ་རིང་བོད་ས་ཡོངས་རྫོགས་དྲག་པོའི་དབང་ཤུགས་ཀྱིས་འཛིན་བཟུང་བྱེད་མུས་ཐོག ཕྱི་ཚུལ་ནས་ཆིག་སྒྲིལ་དང༌། བརྟན་ལྷིང༌། ཞི་བདེ་དང༌། འཆམ་མཐུན་བཅས་འབོད་སྒྲོག་བྱེད་བཞིན་ངང་དོན་དུ་བོད་རང་གི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་མི་རིགས་ཀྱི་ངོ་བོ་བཅས་མིང་ཙམ་ལ་བསྒྱུར་རྒྱུའི་ངན་བྱུས་གཡོ་ཐབས་སྣ་ཚོགས་བྱེད་པ་ལ་མི་བཟོད་པར། ཉེ་བའི་ཆར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་བཞི་བཅུ་ཞེ་དགུ་པ་ནས་བཟུང་བོད་ས་ཡོངས་ཀྱི་བོད་མི་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་བོད་མི་ལ་རང་དབང་དགོས་ཚུལ་སོགས་སྐད་འབོད་དང༌། ཞི་རྒོལ་སྣ་ཚོགས་བྱས་དང་བྱེད་བཞིན་པ་ནི་དམ་ཚིག་བརྟན་བཟུང་ཐོག བོད་མིའི་བསྒྲུབ་བྱ་རྩ་དོན་འཐབ་རྩོད་ཀྱི་རྨང་གཞི་སྲོག་རྩ་ལྟ་བུར་ཕན་ཐོགས་དགེ་མཚན་ཤིན་ཏུ་ཆེ་བ་བྱུང་དང་འབྱུང་བཞིན་པར་བརྟེན་ཁྱེད་རྣམས་ཀྱི་རྒྱལ་གཅེས་སྙིང་སྟོབས་དང་གཡོ་བ་མེད་པའི་ལྷག་བསམ་ལ་བསྔགས་བརྗོད་དང༌། གུས་བཏུད་ཞུ་ཡི་ཡོད། རྒྱ་གཞུང་ནས་ཡ་ང་བག་ཚ་མེད་པར་དྲག་ཤུགས་ཆེན་པོས་བོད་མི་དམར་གསོད་བཏང་བ་དང༌། བོད་མི་སྟོང་ཚོ་མང་པོ་ཉེས་མེད་འཛིན་བཟུང་གིས་ཟས་གཉིད་བྲལ་བའི་ཡིད་གདུང་ཉིན་མཚན་མ་འཁྱོལ་བ་བཟོས་པ། ནག་ཉེས་ར་སྤྲོད་ཀྱི་གཏུག་བཤེར་བྱ་ཡུལ་མེད་པར་བཙན་ཤེད་ཀྱིས་ཁྲིམས་གཅོད་བཏང་བ་སོགས་མདོར་ན་དམྱལ་བ་མི་ཡུལ་དུ་གྱུར་པ་ལྟ་བུའི་སྡུག་བསྡལ་མྱངས་དང་མྱོང་བཞིན་པའི་སྐབས་འདིར་བྱེས་འབྱོར་བོད་མི་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་རིམ་པ་སྤེལ་བ་འོས་འགན་ཙམ་དུ་མ་ཟད། དེ་ཡང་ྋགོང་ས་མཆོག་གི་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་བདེན་མཐའ་གསལ་རྒྱུའི་བཀའ་སློབ་གཞི་རྩར་བཟུང་ཏེ་བཀའ་སྤྱི་གཉིས་ལས་གྲུབ་པའི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ཟུར་འཛུགས་ཀྱིས་བོད་དོན་གྱི་གནས་བབ་ཐད་རྒྱལ་སྤྱིའི་ནང་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་མུས་ལ་ཚང་མས་ཚོགས་ཆུང་གི་བཀོད་བྱུས་འོག་ཤར་བསྐྱོད་ཞུ་དགོས་ཀྱི་འབོད་བསྐུལ་ཞུ་ཡི་ཡོད། ད་ཆ་ཡང་རྒྱ་གཞུང་ནས་བོད་ནང་བོད་མི་ཚོར་གཞི་མེད་སྙོན་འཛུགས་ཀྱིས་གདུག་རྩུབ་ཆེན་པོས་གསོད་བཟུང་ཅི་རིགས་བྱས་དང་བྱེད་མུས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བློ་འཚབ་ཆེན་པོ་སྐྱེ་གཞིར་ཆགས་ཡོད། ཁྱད་པར་དུ་བོད་ནང་བོད་མིའི་ཞི་བའི་གྱེན་ལངས་གི་ལས་འགུལ་སྤེལ་བར་དྲག་པོའི་ལས་འགུལ་ཡིན་ཚུལ་དང༌། དེ་དག་ྋགོང་ས་མཆོག་གིས་བརྒྱུད་བསྐུལ་གནང་ཚུལ་བཅས་ཀྱི་སྐྱོན་འཛུགས་བསྙད་པ་ནི་གཞི་རྩ་མེད་པའི་སྟོང་བཤད་ཁོ་ན་ལ་ངོས་འཛིན་བྱེད་ཀྱི་ཡོད།

གོ་སྐབས་འདི་བརྒྱུད་གནས་ཡུལ་རྒྱལ་ཁབ་དང༌། བོད་དོན་ཐད་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་ཕྱི་ནང་གི་རྒྱལ་ཁབ་ཁག་དང༌། མི་སྣ་ཆེ་ཕྲ་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། མུ་མཐུད་བོད་དོན་ཐད་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུ་ཡི་ཡོད། ཕྱོགས་མཚུངས་སྔ་ལོ་འཛིན་སྐྱོང་བཀའ་ཤག་གི་འཁྲུངས་དུས་གསུང་བཤད་དུ་བོད་མི་རྒྱ་ཁྱབ་དང༌། ལྷག་པར་བཙན་བྱོལ་བོད་མི་ཡོངས་ལ་དཔེ་མཚོན་གྱི་ཚུལ་དུ་ཚང་མས་བསྒྲུབ་ནུས་པའི་ལས་གཞི་ཆོས་དང་རིག་གཞུང༌། སྤྱི་ཚོགས། ཆབ་སྲིད། དཔལ་འབྱོར་བཅས་འགོ་བརྗོད་འོག་དོན་ཚན་བཅུ་གཅིག་འཁོད་པའི་བོད་མི་སྤྱི་སྒེར་གྱི་འཕྲལ་ཕུགས་བདེ་རྩར་སྨན་པའི་རེ་བསྐུལ་ནན་པོ་གནང་འདུག་པ་དེ་དག་ཚང་མས་ཐུགས་སྣང་གནང་དགོས་པ་ཙམ་དུ་མ་ཟད། དངོས་སུ་ལག་ལེན་དོན་འཁྱོལ་ཡོང་བ་ཞུ་རྒྱུ་དང༌། མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོཌ་ནས་ ༢༠༠༨ ཟླ་ ༧ ཚེས་ ༦ ལ།།