བོད་རིགས་འདྲེས་མའི་ན་གཞོན་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བོད་རིགས་འདྲེས་མའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༡ ཉིན་བོད་རིགས་འདྲེས་མའི་ན་གཞོན་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་ཡོད།

དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། ཚོགས་འདུའི་འགྲོ་ལུགས། དེ་བཞིན་རྒྱལ་སྤྱིའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་གནང་བ་མ་ཟད། ཁོང་རྣམས་ལ་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཤེས་པའི་ཐོག་ནས་ཕྱིར་རང་ཡུལ་དུ་ཕེབས་རྗེས་གྲོས་ཚོགས་ཀྱི་འཐུས་མི་དང་། འགོ་ཁྲིད་སོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཐོབ་ཐབས་གནང་དགོས་པའི་རེ་སྐུལ་ཞུས་གནང་སོང་།

དེ་བཞིན་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་ཁོང་རྣམས་ལ་གསུང་དོན། མིའི་རིགས་རྒྱུད་ཀྱི་དཔྱད་ཞིབ་པ་དང་། གནའ་རྫས་དཔྱད་ཞིབ་པས་ཞིབ་འཇུག་བྱས་པར་གཞིགས་ན་བོད་མི་རིགས་དེ་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་བྱུང་བའི་མི་རིགས་ཤིག་ཡིན་པས། ཁྱེད་ཚོས་བོད་མི་ཡིན་པར་སྤོབས་པ་སྐྱེས་དགོས་ཞེས་དང་། བོད་ཀྱི་འཐབ་རྩོད་ཐོག་ནམ་ཡང་སེམས་ཤུགས་མ་ཆག་པར་དཀའ་ལས་རྒྱག་དགོས་པའི་འབོད་སྐུལ་ཡང་ཞུས་གནང་བ་བཅས་ཀྱི་གནས་ཚུལ་དུ། །