བོད་མི་མང་སྤྱི་ལྷན་གྱི་དཔལ་ལྡན་ཚོགས་གཙོ་མཆོག་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༣ ཉིན་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ལུ་དྷི་ཡ་ན་གྲོང་ཁྱེར་དུ་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་མཛད་སྒོར་བོད་མི་མང་སྤྱི་ལྷན་གྱི་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན། ཐོག་མར་ང་ཚོ་སྐྱབས་བཅོལ་ལ་ཡོང་དུས་ང་ཚོས་ངོ་ཤེས་པ་ནི་གནམ་དང་ས་མ་གཏོགས་མེད་ཀྱང་༸གོང་ས་མཆོག་གི་བཀའ་དྲིན་དང་མི་ཐོག་གོང་མ་རྣམས་ཀྱི་སྐུ་ལས་བརྒྱབ་པའི་དྲིན་ལས་ང་ཚོ་ད་ཆ་སྐྱབས་བཅོལ་བ་མང་པོའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད། དེ་བཞིན་གནས་ཡུལ་རྒྱ་གར་གཞུང་དང་མི་མང་བཅས་ནས་ཀྱང་རྒྱབ་སྐྱོར་གནང་དང་གནང་མུས་ཡིན། བྱས་ཙང་རྒྱ་གར་མི་མང་དང་འབྲེལ་བ་ཡག་པོ་བྱེད་ཡག་ནི་ཧ་ཅང་གལ་ཆེན་པོ་རེད། དེ་རིང་རྒྱ་གར་རྒྱལ་ཡོངས་ནང་སུད་ཚོང་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་མཛད་སྒོའི་སྐབས་ཡིན་དུས་ཉིན་འགའ་ཤས་ནང་ཕན་ཚུན་བརྗོད་གཞི་མང་པོའི་ཐོག་ཚོགས་བཅར་བ་རྣམས་པས་ཕན་ཚུན་བསམ་ཚུལ་བརྗེ་ལེན་སོགས་གནད་དོན་མང་པོའི་ཐོག་ལ་གྲོས་བསྡུར་དང་གྲོས་ཆོད་ཡག་པོ་འཇོག་ཐུབ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། གྲོས་ཆོད་འཇོག་པ་དེ་དག་ཡིག་ཐོག་མ་ལྷག་པར་རིམ་པས་ལག་བསྟར་བྱེད་ཐུབ་དགོས་སྐོར་དང་།

བོད་ནང་གི་གནས་སྟངས་ལ་གཞིགས་ན་ཉིན་རེ་བཞིན་ཇེ་སྡུག་ལ་འགྲོ་བཞིན་པ་ནི་སྨོས་མེད་རེད། དེ་འབྲེལ་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་སྐོར་དང་བོད་ནང་གི་གནས་སྟངས་སྐོར་སོགས་དང་། བོད་ནང་གི་བོད་མིའི་རེ་བ་བཙན་བྱོལ་ལ་ཡོད་པའི་བོད་མི་ཚོར་བཅོལ་ཡོད་པས་ཁྱེད་ཚོས་རང་ཉིད་ཀྱི་འཚོ་བ་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ཆེད་དཔལ་འབྱོར་གྱི་ཐོག་ནས་འཇོན་ཚོད་དཔག་ཚོད་ཀྱིས་ནུས་པ་འདོན་གལ་ཆེ། དེང་སང་འཛམ་གླིང་ནང་དཔལ་འབྱོར་འགྲན་རྩོད་ཀྱི་དུས་ཤིག་ཡིན་པས་དཔལ་འབྱོར་གྱིས་ཆབ་སྲིད་ཀྱི་ཐད་ལའང་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་རེད། ཉེ་བའི་འཆར་༸གོང་ས་མཆོག་ནས་ཕེབས་པའི་བཀའ་སློབ་ཞིག་གི་ནང་། ང་ཚོར་བོད་པའི་ནང་(Millionaire)མང་ཙམ་ཐོན་དགོས་ཞེས་གསུངས་པ་བཞིན་ཁྱེད་ཚོས་དུས་ཚོད་དང་རྗེས་ཟིན་པའི་ཚོང་པ་ཞིག་བྱེད་དགོས་པ་མ་ཟད་ཡུལ་མི་དང་མཐུན་འབྲེལ་བྱེད་ཡག ཁྲོམ་སར་མེ་སྐྱོན་དང་རྐུ་ཤོར་མི་ཡོང་བའི་སྲུང་སྐྱོབ་ཡག་པོ་བྱེད་ཐུབ་དགོས་པ།  རྒྱ་གར་ཚོང་པ་ལ་ལ་རྣམ་པའི་བུ་ལོན་དུས་ཐོག་འཇལ་ཐུབ་དགོས་སྐོར་དང་། མི་ཐོག་གོང་མ་རྣམས་ནས་བཙུགས་པའི་ཡུལ་མི་དང་འབྲེལ་བ་ཡག་པོ་ཡོད་པ་རྣམས་མུ་མཐུད་རྒྱུན་སྐྱོང་དགོས་པ་སོགས་གསུངས། དེ་བཞིན་མི་ཞིག་ཕྱུག་པོ་ཆགས་དགོས་ན་ཆ་རྐྱེན་ལྔ་ངེས་པར་དུ་ཚང་དགོས་པ། དེ་ཡང་དང་པོ་བསམ་སྤྱོད་ཀྱི་ཤེས་ཡོན་དགོས་པ། དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་བསམ་བློ་རྒྱ་ཆེ་གཏོང་ཐུབ་པ་དང་། བཟང་སྤྱོད་དང་ལྡན་པའི་གོ་ནས་ཁེ་སང་སྒྲུབ་ཐབས། གཉིས་པ་གོ་སྐབས་དང་དེ་ཟིན་ཐུབ་དགོས་པ། ཚོང་རྭར་སྔ་ས་ནས་གང་ཞིག་དགོས་པ་ཞིབ་འཇུག་གིས་དེ་རིགས་དངོས་ཟོག་འཐེན་རྒྱུ། དཔེར་ན་དགུན་ཁར་སུད་ཀྲར་བཙོང་བ་དེ་ཡང་དགུན་ཁའི་གོ་སྐབས་ཟིན་ཐུབ་དགོས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད། གསུམ་པ་འཆར་གཞི་དང་ལྡན་པའི་ཐོག་དམིགས་ཡུལ་བརྟན་པོ་དགོས་པ། བོད་ཀྱི་ཁ་དཔེར་ཚོང་མ་རྒྱག་རྩིས་རྒྱག་ལབ་པ་བཞིན་ཚོང་མ་བརྒྱབ་གོང་ནས་འཆར་གཞི་ལེགས་པོ་འགོད་རྒྱུ། བཞི་པ་དཀའ་ངལ་གང་འཕྲད་ཀྱང་བཟང་ཕྱོགས་ནས་གདོང་ལེན་ཐུབ་དགོས་པ། ཚོང་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པས་དཀའ་ངལ་མང་པོ་འཕྲད་ཡག་ཡིན་པ་སྔོན་ཚུད་ནས་ཤེས་དགོས་པ་དང་དཀའ་ངལ་གང་ཞིག་འཕྲད་ཀྱང་ཡིད་ཐང་མ་ཆད་པར་ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ནས་བཟང་ཕྱོགས་ཀྱིས་གདོང་ལེན་བྱེད་ཐུབ་པ་དགོས་པ། ལྔ་པ་རྒྱུ་ནོར་གསོག་སྒྲུབ་དང་གོང་འཕེལ་གཏོང་ཐུབ་དགོས་པ། དངུལ་གསོག་ཐུབ་པ་ཙམ་མ་ཡིན་པར་མ་འཇོག་བྱས་ནས་མང་རུ་གཏོང་ཐུབ་པ་དགོས་པ་བཅས་ཀྱང་གསུངས་།

ད་དུང་སྐབས་ ༡༦ པའི་སྤྱི་འཐུས་རྣམས་ས་བགོས་བརྒྱབ་སྐབས་རྒྱ་བལ་འབྲུག་གསུམ་ནང་གི་གཞིས་ཆགས་ཁག་དང་། སུད་ཚོང་ས་གནས་ཚང་མ་ཚུད་པ་བྱས་ཡོད་སྟབས། ཁོང་རྣམས་ཕེབས་སྐབས་ས་གནས་ཀྱི་གནས་སྟངས་སྤྱི་དང་དཀའ་ངལ་གང་ཡོད་པ་གསུངས་དགོས་པའི་ལམ་སྟོན་དང་བཀའ་སློབ་ཟབ་མོ་གནང་།