བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཞི་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཞི་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་ཁག་གཉིས་བཏང་གནང་བར། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་མ་ཟད། བཀུར་འོས་སྤྱི་འཐུས་རྣམ་པའི་འཕྲོས་དོན་དྲི་བ་ཁག་ལའང་ལན་འདེབས་གསལ་བཤད་གནང་ཡོད།

དེ་རིང་གི་ལས་རིམ་གཉིས་པ་བཀའ་བློན་གྱི་འོས་འདེམས་ཐོག་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་བློན་འོས་མིའི་ལོ་རྒྱུས་ངོ་སྤྲོད་སྙན་སྒྲོན་གནང་བ་དང་།

དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་མོས་ཐོག་འོས་འདེམས་དགག་བྱ་ཡོད་མེད་གཟིགས་པར། དགག་བྱ་བྱུང་སྟབས་ཁྲིམས་སྒྲིག་ལྟར་ངོ་ཡོད་སྤྱི་འཐུས་གྲངས་ ༤༣ ནས་གསང་བའི་འོས་བསྡུ་གནང་སྐབས། བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་མཆོག་ལ་འོས་གྲངས་ ༢༡ གིས་རྒྱབ་སྐྱོར་ཐོབ་སྟེ་མང་མོས་ཐོག་ནས་བཀའ་བློན་དུ་བདམས་ཐོན་བྱུང་ཡོད།

དེ་རྗེས་ལས་ཉིན་སྔོན་མའི་ལས་རིམ་འཕྲོས་མུ་མཐུད་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ཁག་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་ཀྱི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། ལས་དོན་དང་འབྲེལ་བའི་དྲི་བ་བཏང་གནང་བ་ཁག་ལ་ཕྱི་དྲིལ་བཀའ་བློན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། རྩིས་དང་འབྲེལ་བའི་དྲི་བ་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ལན་འདེབས་གསལ་བཤད་བཅས་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་དང་།

དེ་བཞིན་ས་གནས་རང་བདེན་ཚོགས་ཆུང་ཁག་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། དབུས་འོས་བསྡུ་ལས་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་བཅས་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

སང་སྔ་དྲོ་མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་གནང་རྒྱུ་ཡིན་པ་བཅས། །