བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་གཉིས་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་གཉིས་པ་ཚོགས་གནང་ཡོད།


དེ་ཡང་སྔ་དྲོ་མུ་མཐུད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་རྗེས། གྲོས་ཆོད་གྲོས་འཆར་ཐོག་དགག་བྱ་བྱུང་བར་བརྟེན་མང་མོས་ཀྱིས་གཏན་འབེབས་གནང་སོང་།

དེ་ནས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་བཅས་སྙན་སྒྲོན་ཟིན་པའི་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བའི་གནད་དོན་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་ཀྱིས་ལན་འདེབས་གསལ་བཤད་གནང་སོང་།

དེ་ནས་ལས་རིམ་ལྟར། ཚོགས་དྲུང་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། དེ་བཞིན་ཟུར་བཀོལ་སྔོན་རྩིས་གཏན་འབེབས་དང་། ཕྱོགས་མཚུངས་ཁྲིམས་ཞིབ་ཁང་དང་ས་གནས་ཁྲིམས་ཞིབ་ཁང་བཅས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། དེ་བཞིན་ཟུར་བཀོལ་སྔོན་རྩིས་གཏན་འབེབས།  ས་གནས་འཐུས་ཚོགས་ཁག་གི་སྔོན་རྩིས་གཏན་འབེབས། བཀའ་དྲུང་ཡིག་ཚང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་གཏན་འབེབས་བཅས་གནང་རྗེས། བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། དྲི་བ་ཕུལ་བ་ཁག་ལ་འབྲེལ་ཡོད་བདེ་སྲུང་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་སྟེ་གཏན་འབེབས་གནང་ཡོད།

དེ་རྗེས་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་འགོ་བཙུགས་ཏེ། སང་སྔ་དྲོ་མུ་མཐུད་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས། །