བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ཇར་ཁན་ཌ་མངའ་སྡེའི་རྒྱལ་ས་རན་ཆི་ཁུལ་དུ་བོད་དོན་ཞུ་སྐུལ་གནང་འགོ་བཙུགས་པ།

ཇར་ཁན་ཌ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་དང་། མངའ་སྡེའི་གྲོང་ཁྱེར་འཛུགས་བསྐྲུན་བློན་ཆེན་སྐུ་ཞབས་ཅཱན་དི་རི་ཤི་ཝར་ པར་སཏ་ སིང་མཆོག

༄༅། །བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་བཅས་ལས་གྲུབ་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༣ ཉིན་རྒྱ་གར་ཤར་ཕྱོགས་ཇར་ཁན་ཌ་མངའ་སྡེའི་ (Jharkhand) རྒྱལ་ས་རན་ཆིར་ (Ranchi) ཕེབས་འབྱོར་གནང་བ་དང་། སྐབས་དེར་ས་གནས་བོད་མིའི་དགུན་ཚོང་ཚོགས་པའི་ཚོགས་གཞོན་བསྟན་འཛིན་ལྷུན་འགྲུབ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུ

དེ་ཡང་ཕྱི་ཚེས ༡༤ ཉིན་ཐོག་མར་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་སུ་དྷེ་ཤ་ ཀུ་མར་ ཅཱན་དྷར་ཝན་ཤི་ (Shri.Sudesh Kumar Chandravanshi, Regional Convenor, Core Group for Tibetan Cause) ལགས་དང་། བོད་མིའི་དགུན་ཚོང་ཚོགས་པའི་ཚོགས་གཞོན་རྣམ་གཉིས་ལྷན་མངའ་སྡེའི་ནང་དཔོན་རིགས་མཇལ་འཕྲད་སོགས་ལས་འགུལ་ཇི་ལྟར་སྤེལ་ཕྱོགས་ཀྱི་གྲོས་བསྡུར་གནང་ཡོད་འདུག

དེ་ནས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཇར་ཁན་ཌ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་དང་། མངའ་སྡེའི་གྲོང་ཁྱེར་འཛུགས་བསྐྲུན་བློན་ཆེན་སྐུ་ཞབས་ཅཱན་དི་རི་ཤི་ཝར་ པར་སཏ་ སིང་ (Shri.Chandreshwar Prasad Singh,Minister of Urban Development,Government of Jharkhand and Former Speaker of Jharkhand Legislative Assembly) མཆོག་དང་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་ཐོག་འགྲེལ་བརྗོད་དང་། ད་ལྟའི་བོད་ནང་གི་གནས་བབ། བོད་མིའི་མི་འབོར་ཇི་ཙམ་ཡོད་པ། རྒྱ་གར་ནང་བོད་མི་སྐྱབས་བཅོལ་བ་གྲངས་ཚད་ཇི་ཙམ་ཡོད་མེད་བཅས་ཀྱི་ཐོག་ཕན་ཚུན་བགྲོ་གླེང་གནང་བ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་ཕྱོགས་དང་། བཙན་བྱོལ་ནང་བོད་མིའི་གནས་བབ་བཅས་ཀྱི་ཐོག་བློན་ཆེན་མཆོག་གིས་དྲི་བ་གནང་བར། སྤྱི་འཐུས་རྣམ་པས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས་སྐར་མ་བཞི་བཅུ་ཞེ་ལྔ་ཙམ་གྱི་རིང་བོད་དོན་ཐོག་ཕན་ཚུན་གོ་བསྡུར་ལྷུག་པོ་གནང་ཡོད་འདུག

དེ་རྗེས་རྒྱ་གར་ (Zee News) ཛི་གསར་ཁང་གི་གསར་འགོད་པས་སྤྱི་འཐུས་རྣམ་པ་གསུམ་ལ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་དང་འབྲེལ་བའི་བཅར་འདྲི་གནང་བར་དང་ལེན་ཞུས་པ་དང་། དེའི་སྐབས་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་གིས་བོད་ཀྱི་གནས་བབ་དང་། བོད་ནང་དཀའ་ངལ་ཇི་ལྟར་འཕྲད་བཞིན་ཡོད་སྐོར་སོགས་ལན་འདེབས་གསལ་བཤད་གནང་འདུག

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་།  (JMM) ཇེ་ཨེམ་ཨེམ་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧི་མཱན་ཊ་ སུ་རེན་མཆོག

ཉིན་རྒྱབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་།  (Jharkhand Mukti Morcha (JMM)) ཇེ་ཨེམ་ཨེམ་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧི་མཱན་ཊ་ སུ་རེན་ (Shri.Hemant  Soren, Former Chief Minister of Jharkhand and President of JMM) མཆོག་དང་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་གནས་སྟངས་དང་། བོད་ནས་རྒྱ་གར་ཕྱོགས་སུ་བབས་པའི་ཆུ་བོ་ཆེན་པོ་བཞི་སྟེ། སེང་གེ་ཁ་འབབ་དང་། གླང་ཆེན་ཁ་འབབ། རྨ་བྱ་ཁ་འབབ། རྟ་མཆོག་ཁ་འབབ་བཅས་ཀྱི་འབྱུང་ཁུངས་བོད་ཡིན་པ་དང་། རྒྱ་ནག་གཞུང་གིས་ཆུ་བོ་དེ་དག་ལ་ཆུ་མཛོད་གང་མང་བརྒྱབ་པའི་རྐྱེན་གྱིས་རྒྱ་གར་ཕྱོགས་སུ་འབབ་ཆུ་ཉུང་རུ་འགྲོ་བཞིན་ཡོད་པ་དང་།  དེ་བཞིན་ཉེ་འཁོར་ས་གནས་ཀྱི་ཁོར་ཡུག་ལ་གནོད་འཚེའི་ཉེན་ཁ་འཕྲད་བཞིན་ཡོད་པ། ཆུ་བོར་རྙོག་བཙོག་ཆགས་བཞིན་ཡོད་པ་བཅས་ལ་སེམས་འཚབ་དང་བཅས་འབྱུང་འགྱུར་རྒྱ་གར་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པའི་དགོངས་ཚུལ་དང་། ཆུ་ཚོད་ཕྱེད་ལྷག་ཙམ་རིང་ཕན་ཚུན་གནད་དོན་དང་། དགོས་བབས་ཐོག་གོ་བསྡུར་ལྷུག་པོ་གནང་ཡོད་པ་མ་ཟད། དོགས་འདྲི་ཁག་ལའང་ལན་འདེབས་གསལ་བཤད་གནང་ཡོད་འདུག

དེ་ནས་རྒྱ་གར་ (News 11) གསར་ཁང་ནས་བོད་དོན་ཞུ་སྐུལ་ལས་འགུལ་དང་འབྲེལ་བའི་བཅར་འདྲི་གནང་བར་དང་ལེན་གནང་ཐོག སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་ནས་བོད་ཀྱི་གནད་དོན་སོགས་འགྲེལ་བརྗོད་གནང་འདུག

ད་ལྟ་སྤྱི་འཐུས་རྣམ་པ་མུ་མཐུད་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་བཅས། །