བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ནོར་ཝེ་རྒྱལ་ཁབ་ནང་གི་ལས་རིམ་ཁག་ལེགས་པར་གྲུབ་པ།

ནོར་ཝེ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ (Mona Fageras,Socialist Left Party Education Political Spokesperson) མཆོག

༄༅། །སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་གི་སྣེ་འཁྲིད་འོག་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་དང་། སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༤ ཉིན་གྱི་ཕྱི་དྲོར་ཡུ་རོབ་རྒྱལ་ཁབ་ནོར་ཝེ་རྒྱལ་ས་ཨོ་སི་ལོའི་ (Oslo) གནམ་ཐང་དུ་ཕེབས་འབྱོར་སྐབས། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བློ་བཟང་དཔལ་མོ་ལགས་ཀྱིས་གཙོས་རྒྱུན་ལས་རྣམ་པས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༥ ཉིན་ལས་རིམ་ཁག་དབུ་འཛུགས་ཀྱིས་ཐོག་མར་ནོར་ཝེར་གནས་སྡོད་བོད་རིགས་མི་མང་རྣམས་ཐུག་འཕྲད་ཀྱིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་།  ཆིག་སྒྲིལ་གྱི་གལ་གནད། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་ཚོགས་དུས་དྲུག་པའི་སྟེང་བསྐྱར་བཅོས་གནང་བའི་འོས་བསྡུའི་སྒྲིག་གཞིས་མཚོན། གྲོས་ཚོགས་ཀྱི་ལས་རིམ་ཁག་ངོ་སྤྲོད། དེ་བཞིན་མི་མང་གི་དྲི་བ་བསམ་ཚུལ་ཁག་ལ་ལན་འདེབས་དང་ཉན་ཞིབ་ཟབ་རྒྱས་གནང་ཡོད་པ་དང་།

དེ་རྗེས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་གྲོས་ཚོགས་འཐུས་མི་ལྕམ་སྐུ་མོ་ན་ཧྥ་ཇི་ར་ས་ (Mona Fageras,Socialist Left Party Education Political Spokesperson) མཆོག་དང་མཇལ་འཕྲད་ཀྱིས་ཆུ་ཚོད་གཅིག་ལྷག་རིང་གནད་དོན་ཁག་གི་ཐད་བཀའ་མོལ་ཞིབ་རྒྱས་གནང་ཡོད་འདུག

ཉིན་རྒྱབ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་ཚོགས་མི་ཁག་གི་ལྷན་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་སྟེང་འཛམ་གླིང་ཞི་བདེའི་དབུ་འཁྲིད་ལྟ་བུར་གྱུར་བའི་ནོར་ཝེ་ཞི་བདེའི་ལྷན་ཚོགས་ཀྱིས་རིས་སུ་མ་ཆད་པའི་རླབས་ཆེན་མི་སྣ་ཁག་ལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་གྱིས་འཇིག་རྟེན་ཁྱོན་ཡོངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཤུགས་ཆེར་བཏང་བའི་མཛད་རྗེས་ལ་བསྔགས་བརྗོད་དང་འབྲེལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ནོར་ཝེ་གཞུང་མང་བར་གྱི་བཅོས་མིན་མཛའ་འབྲེལ་རྒྱབ་སྐྱོར་ལ་ཕྱོགས་གཉིས་ནས་ཡི་རངས་དང་གལ་ཆེར་ངོས་འཛིན་གཅིག་གྱུར་གནང་ཡོད་འདུག་པ་དང་།

དེ་བཞིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་བྱེ་བྲག་ཤེས་ཡོན་སློབ་གསོའི་གནས་བབ། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་གནང་རྗེས་ཀྱི་གནས་བབ། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་པའི་རྒྱུ་མཚན་གཙོ་ཆེའི་སྐོར། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་དང་ཀ་བ་གསུམ་གྱི་སྒྲིག་འཛུགས་ངོ་སྤྲོད། བོད་རྒྱ་འབྲེལ་མོལ་གྱི་གནས་བབ་སོགས་ཀྱི་ཐོག་བཀའ་མོལ་ཞིབ་ལྷུག་གནང་སྟེ་ཐེངས་འདིའི་ནོར་ཝེ་རྒྱལ་ཁབ་ནང་གི་དཔོན་རིགས་མཇལ་འཕྲད་སོགས་ལས་རིམ་ཁག་ལེགས་པར་གྲུབ་གནང་ཡོད་འདུག

ཕྱི་ཚེས་ ༧ ཉིན་ནོར་ཝེ་ནས་ཌེན་མག་ཏུ་ཕེབས་ཐོན་གྱིས་མུ་མཐུད་ལས་རིམ་ཡོད་པ་བཅས། །