བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨོ་གླིང་རྒྱལ་ས་ཀེན་བྷེ་རར་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

ཨོ་གླིང་ངལ་རྩོལ་སྲིད་དོན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨ་ལཱི་སི་ཡ་ པེ་ནེ་མཆོག

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༨ ནས་འགོ་འཛུགས་ཏེ་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་ཁག་ལ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཨོ་གླིང་གྲོང་ཁྱེར་བྷི་རི་སི་བྷེན་་དང་། མེལ་བྷོན་གཉིས་ཀྱི་ནང་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༡༡ ནས་ ༡༣ བར་ཨོ་གླིང་རྒྱལ་ས་ཀེན་བྷེ་རར་ (Canberra) ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག

ཨོ་གླིང་གུ་ཡངས་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇཱེམ་སི་ པེ་ཊར་སན་མཆོག

དེ་ཡང་ཕྱི་ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཨོ་གླིང་རྒྱལ་ས་ཀེན་བྷེ་རའི་གནམ་ཐང་དུ་ཕེབས་འབྱོར་སྐབས། སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་དང་། ཀེན་བྷེ་ར་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་བཅས་ཀྱིས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་གནང་ཡོད་འདུག་པ་དང་། ཕྱི་དྲོ་ཆུ་ཚོད་ ༦ ཐོག་ཀེན་བྷེ་རའི་བོད་རིགས་མི་མང་རྣམས་ལ་སྤྱི་འཐུས་རྣམ་པས་བརྗོད་གཞི་ཆ་བགོས་ལྟར། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འབྱུང་རིམ་སྐོར་ངོ་སྤྲོད་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་༧གོང་ས་མཆོག་གི་མཛད་འཕྲིན་སྐོར། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་གསུང་བཤད་དང་། མི་མང་གིས་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཨོ་གླིང་ངལ་རྩོལ་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ལའོ་སི་ པེ་རི་ཊ་མཆོག

ཕྱི་ཚེས་ ༡༢ ཉིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་ཨོ་གླིང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨན་ཌི་རིའོ་ ལི་ (Andrew Leigh, Member of the Australian House of Representatives) མཆོག་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ཞུ་སྐུལ་དང་དྲི་བ་དྲིས་ལན་གནང་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་བཅས་ཕུལ་གནང་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨོ་གླིང་ངལ་རྩོལ་སྲིད་དོན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨ་ལཱི་སི་ཡ་ པེ་ནེ་ (Ms. Alicia Payne, MP Labor Party) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་ཡོད་པ་དང་། སྐབས་དེར་ལྕམ་སྐུ་ཁོང་གིས་ཐུགས་སྣང་ཆེན་པོ་གནང་ཡོད་པ་མ་ཟད། ཨོ་གླིང་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་རྒྱུའི་ཞལ་བཞེས་གཙང་མ་ཐོབ་འདུག

ཨོ་གླིང་ལྗང་ཁུ་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇི་ནི་ཊ་ རཱེ་སི་མཆོག

དེ་རྗེས་ཨོ་གླིང་གུ་ཡངས་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇཱེམ་སི་ པེ་ཊར་སན་ (Senator James Paterson, Liberal Party) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་བཅས་ཕུལ་གནང་བ་དང་། སྐབས་དེར་སྐུ་ཞབས་ཁོང་གིས་ཐུགས་སྣང་ཆེན་པོ་གནང་ཡོད་པ་མ་ཟད། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཞུགས་འདོད་ཡོད་ཅེས་གསུངས་གནང་འདུག་པ་དང་། རིམ་པས་ཨོ་གླིང་ངལ་རྩོལ་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ལའོ་སི་ པེ་རི་ཊ་ (Senator Louise Pratt, Labor Party) མཆོག་དང་། ཨོ་གླིང་ལྗང་ཁུ་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇི་ནི་ཊ་ རཱེ་སི་ (Senator Janet Rice, Greens) མཆོག་རྣམ་གཉིས་སོ་སོར་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་བཅས་ཕུལ་གནང་ཡོད་པ་དང་། དེ་བཞིན་ཨོ་གླིང་ངལ་རྩོལ་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཀིམ་བྷེེར་ལེ་ ཀཱེ་ཆེན་ (Senator Kimberley Kitching, Labor Party) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་བཅས་ཕུལ་གནང་ཡོད་པ་དང་། སྐབས་དེར་ལྕམ་སྐུ་ཁོང་གིས་ཐུགས་སྣང་ཆེན་པོ་གནང་ཡོད་པ་མ་ཟད། བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་རྒྱུས་མཚོན། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་གང་ཕུལ་བ་ཁག་གྲོས་ཚོགས་ཚོགས་མི་རྣམས་ལ་བཀྲམ་ནས་ལོ་རྗེས་མའི་ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་གནང་ཐུབ་པ་བྱ་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་འདུག

ཨོ་གླིང་ངལ་རྩོལ་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཀིམ་བྷེེར་ལེ་ ཀཱེ་ཆེན་མཆོག

གཞན་ཡང་མཇལ་འཕྲད་སྐབས་སོ་སོར་ཨོ་གླིང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་དང་། རྒྱ་རིགས་འབྲེལ་མཐུད་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས་བཅས་མཉམ་བཅར་ཞུས་གནང་འདུག

སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨོ་གླིང་རྒྱལ་ས་ཀེན་བྷེ་ར་ཁུལ་གྱི་ལས་རིམ་ཁག་མཇུག་བསྒྲིལ་རྗེས། ཕྱི་ཚེས་ ༡༤ ཉིན་ཨོ་གླིང་རྒྱལ་ས་ཀེན་བྷེ་ར་ནས་སྐུ་ཚབ་དོན་གཅོད་ཀྱིས་གོ་སྒྲིག་བྱས་པའི་རླངས་འཁོར་བརྒྱུད། སྐུ་ཚབ་དོན་གཅོད་དང་རྒྱ་རིགས་འབྲེལ་མཐུད་པ་བཅས་རྣམ་གཉིས་དང་ལྷན་གྲོང་ཁྱེར་སི་ཌི་ནི་ (Sydney) ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་བཅས། །