བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་བྱང་ཤར་ཁུལ་གྱི་ཨ་སམ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་རྒྱ་གར་བྱང་ཤར་ཁུལ་གྱི་ཨ་སམ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་འགོ་འཛུགས་གནང་འདུག

དེ་ཡང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་གཉིས་ཐོག་མར་ཨ་སམ་མངའ་སྡེའི་གཞུང་འཛིན་ཚོགས་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ལས་ཁུངས་དབུས་མར་ཆེད་ཕེབས་གནང་ནས་ཚོགས་པའི་དྲུང་ཆེ་རྡི་ལིབ་ས་ཡེ་ཀི་ཡ་ (Dilip Saikia,General Secretary BJP Assam Pradesh) ལགས་དང་མཇལ་འཕྲད་གནང་བ་དང་སྦྲགས། ཁོང་ལ་དེར་བཅར་དགོས་པའི་དམིགས་ཡུལ་སོགས་ཞུས་གནང་འདུག ཁོང་ནས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཡོད་སྐོར་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་སྒེར་དྲུང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ནས་ཁོང་དང་མཇལ་འཕྲད་གནང་རྒྱུའི་དུས་ཚོད་དགོས་སྐོར་གསུངས་གནང་ཡོད་པ་དང་།

དེ་ནས་ཀོང་རེ་སི་མངའ་སྡེའི་ལས་ཁུངས་དབུས་མར་ཆེད་ཕེབས་གནང་བ་དང་། དེར་འབྲེལ་མཐུད་པ་ཨབ་ཏབ་ ཨཱ་ལི་ ཨེཧ་མད་ (Atab Ali Ahmed, Joint Co-ordinator) ལགས་དང་། དེ་གའི་དྲུང་ཆེ་རོ་མེ་ཇེ་ ཇེན་ (Romej Jain,General Seretary Congress Assam Pradesh) ལགས། རྒྱ་གར་དབུས་ཀྱི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་བྷ་ལིན་ ཀུ་ལི་ (Balin Kuli,Former.M.P) བཅས་དང་མཇལ་འཕྲད་གནང་བ་དང་།  དེ་བཞིན་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་ཀུར་ ཨ་ལི་ ཨེ་མད་ (Shri Sukur Ali Ahmed,MLA) ལགས་དང་མཇལ་འཕྲད་གནང་སྟེ་གནད་དོན་ཁག་ཞུས་གནང་ཡོད་པ་དང་། སྐུ་ཞབས་ཁོང་ནས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་སྔ་མོ་ནས་ཡོད་པ་གསུངས་གནང་ཡོད་པ་བཅས་ནང་དོན་བཀའ་བསྡུར་ཁག་ཅིག་ཀྱང་གནང་འདུག

དེ་རྗེས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨབ་རྡུར་ ར་ཤིད་ མན་ཌལ་ (Shri.Abdur Rashid Mandal,MLA) ལགས་དང་མཇལ་འཕྲད་གནང་སྟེ་གནད་དོན་ཁག་ཞུས་གནང་བ་དང་། དེ་ནས་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། ལོ་ངོ་བཅོ་ལྔ་ཙམ་གྱི་རིང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་མྱོང་མཁན་སྐུ་ཞབས་ཏ་རུན་ གྷོ་ཁའི་ (Tarun Gogoi,Former Chief Minister of Assam) མཆོག་དང་མཇལ་འཕྲད་གནང་སྟེ་གནད་དོན་ཁག་ཞུས་གནང་བར། སྐུ་ཞབས་ཁོང་ནས་བོད་དོན་སྐོར་ལ་རྩ་བའི་རྒྱུས་མངའ་ཡོད་པ་དང་གདུང་སེམས་མཉམ་སྐྱེད་ཡོད་སྐོར་སོགས་གསུངས་གནང་འདུག

ཕྱི་ཟླ་ ༧ ཚེས་ ༦ སྟེ་ ༸རྒྱལ་བའི་སྐུའི་འཁྲུངས་སྐར་ཉིན་ཨ་སམ་མངའ་སྡེའི་གཞུང་འཛིན་ཕྱག་རོགས་ཨ་སམ་གྷན་པ་རི་ཤད་ (Assam Gana Parishad) ཀྱི་ཚོགས་གཙོ་དང་ཆུའི་འབྱུང་རྩ་དང་ཚན་རིག བཟོ་རིག་བློན་ཆེན་ལས་ཐོག་སྐུ་ཞབས་ཀེ་ཤཱབ་ མཱ་ཧན་ཏཱ་ (Mr.Keshab Mahanta,Minister:Water Resources,Science and Technology) མཆོག་དང་། ཚོགས་པའི་དྲུང་ཆེ་དང་བློན་ཆེན་ཟུར་པ་ཌོག་ཊར་ཀཱ་མ་ལཱ་ ཀན་ཏཱ་ ཀ་ལི་ཏཱ་ (Dr.Kamala Kanta Kalita,General Secretary and Chairman Assam Khadi Board) ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་ཞིང་།

དེའི་སྐབས་གསར་འགོད་པ་མང་དག་ཅིག་གིས་བརྙན་ལེན་དང་ཕྱོགས་གཉིས་ཀར་བཀའ་འདྲི་གནང་ཡོད་འདུག  སྐུ་ཞབས་ཁོང་གཉིས་ནས་ད་ཐེངས་གཅིག་པུ་མིན་པར་མ་འོངས་པར་ས་གནས་དེར་ག་དུས་ཕེབས་ཀྱང་ཕན་ཚུན་མཇལ་འཕྲད་ཡོད་ན་ཡག་པོ་ཡོད་སྐོར་དང་། དཀའ་ངལ་གང་ཡོད་ནའང་གསལ་པོར་གསུང་རོགས་ཞེས་གསུངས་གནང་ཡོད་པ་དང་།  དེ་རྗེས་གཞུང་འཛིན་བྷི་ཇེ་པི་ཚོགས་པའི་ལས་ཁུངས་སུ་སླར་ཡང་ཆེད་ཕེབས་ཀྱིས་མངའ་སྡེའི་བྷི་ཇེ་པི་ཚོགས་པའི་དྲུང་ཆེ་གཞན་སྐུ་ཞབས་པཱོ་ལུག་ གྷོ་ཧཱེན་ (Pulok Gohain) ལགས་དང་མཇལ་འཕྲད་གནང་སྟེ་གནད་དོན་ཁག་ཞུས་གནང་འདུག

ཕྱི་ཟླ་ ༧ ཚེས་ ༧ ཉིན་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སཱར་བྷ་ནཱན་དཱ་ སཱོ་ནུ་ཝལ་ (Shri.Sarbananda Sonowal,Cheif Minister of Assam) མཆོག་དང་། འཕྲུལ་གློག་བློན་ཆེན་སྐུ་ཞབས་ཏཱ་པན་ ཀུ་མཱར་ གྷོ་ག་ཡེ་ (Shri.Tapan Kumar Gogoi,Power Minister of Assam) མཆོག་བཅས་དང་མཇལ་འཕྲད་ཀྱིས་གནད་དོན་ཁག་ཞུས་གནང་བ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་ཡིག་ཆ་བཅས་ཕུལ་གནང་འདུག དེ་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་བྷི་ཇོ་ཡྰ་ ཅཀྲ་ཝརྟི་ (Smt.Bijoya Chakrabvarty,Member Lok Sabha) མཆོག་དང་མཇལ་འཕྲད་ཀྱིས་ཉེ་ཆར་ཁོང་གི་སྐུ་ཟླ་གཤེགས་པར་ཐུགས་གསོ་དང་གནད་དོན་ཞུ་སྒོ་ཁག་ཞུས་གནང་ཡོད་པ་དང་།

ཕྱི་ཟླ་ ༧ ཚེས་ ༨ ཉིན་གྱི་སྔ་དྲོ་གྲོས་ཚོགས་གོང་མའི་འཐུས་མི་དང་ཨ་སམ་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རི་པུན་ བྷོ་ར་ (Shri.Ripun Bora,MP Rajya Sabha and President Assam Indian National Congress) མཆོག་དང་མཇལ་འཕྲད་ཀྱིས་གནད་དོན་ཁག་ཞུས་གནང་བ་དང་། ཁོང་ནས་ཀྱང་མ་འོངས་པར་མུ་མཐུད་ནས་འབྲེལ་བ་གནང་དགོས་དང་། ལྡི་ལིར་ནམ་ཕེབས་སྐབས་འབྲེལ་བ་གནང་དགོས་སྐོར་གསུངས་གནང་འདུག དེ་ནས་ཨ་སམ་མངའ་སྡེའི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རྡི་བྷ་བྷྲ་ཏཱ་ ས་ཡི་ཀི་ཡཱ་ (Shri.Debabrata Saikia,Leader of the Opposition) མཆོག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇཱ་མཱལ་ ཨུ་དཱིན་ ཨེཧ་མད་མཆོག་བཅས་མཇལ་འཕྲད་ཀྱིས་གནད་དོན་ཁག་ཞུས་གནང་བ་དང་། ཐུགས་དོགས་གང་ཡོད་ཐོག་བཀའ་འདྲི་གནང་བར་ལན་འདེབས་གསལ་བཤད་གནང་འདུག་པ་བཅས་ཉིན་བཞིའི་རིང་ཨ་སམ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་ཡོད་པ་དང་། ད་ཆ་སྤྱི་འཐུས་རྣམ་པ་མངའ་སྡེ་གཞན་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་མུ་མཐུད་གནང་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །