བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།


༄༅། ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམས་ཕྱིའི་རྒྱལ་ཁབ་ཁག་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་སྐབས། གྲོས་ཚོགས་འཐུས་མི་དང་། མཁས་དབང་། གསར་འགོད་པ། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་རྒྱལ་སྤྱིའི་འཛིན་སྐྱོང་མི་སྣ་ཁག ས་གནས་བོད་མི་བཅས་དང་མཇལ་འཕྲད་གནང་རྒྱུའི་ལས་འཆར་ཡོད་པ་བཞིན། ད་རེས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་བཞི་པ་ཁེ་ན་ཌའི་གྲོང་ཁྱེར་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༢ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་རྣམ་གཉིས་དང་། ཕྱོགས་བཞུགས་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་མཆོག་བཅས་གསུམ་གྱིས་རྒྱལ་ས་ཨོ་ཊ་ཝ་ལ་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེཝེ་ ཝན་ཀེ་སེ་ཀྲི་རན་ (MP Dave Van Kesteren) མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་རྣམ་གཉིས་དང་། ཕྱོགས་བཞུགས་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་བཅས་གསུམ་གྱིས་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དང་། གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་དང་རྒྱལ་སྤྱིའི་ཡར་རྒྱས་རྒྱུན་ལས་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་གྷར་ནེ་ཌེ་ཇི་ནེ་སི་ (MP Garnett Genius, Co-Chair of Parliamentary Friends of Tibet Canada and member of Standing Committee on Foreign Affairs and International Development) མཆོག་དང་མཇལ་འཕྲད་གནང་ཡོད་འདུག

དེའི་སྐབས་སྤྱི་འཐུས་རྣམ་པས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་རྣམ་གཉིས་ལ་བོད་དོན་དང་འབྲེལ་བའི་གནད་དོན་སྤྱི་དང་། དམིགས་བསལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་གསུངས་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཇི་ལྟར་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་ཞིབ་ཕྲ་གསུངས་གནང་ཡོད་འདུག དེ་བཞིན་བོད་དོན་བདེན་མཐའ་གསལ་ཐབས་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་སླར་གསོ་ཡོང་སླད་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་གནང་འདུག

སྔ་དྲོའི་ལས་རིམ་ཁག་གྲུབ་རྗེས། ཁེ་ན་ཌ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། སྤྱི་འཐུས་རྣམ་པར་ཉིན་གུང་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་གནང་ཡོད་པ་དང་། དེ་ནས་ཁེ་ན་ཌའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་སྐབས་སྤྱི་འཐུས་རྣམ་པ་ཆེད་བཅར་ཞུས་གནང་ཡོད་འདུག

ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་སྤྱི་འཐུས་རྣམ་པ་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་དང་རྒྱལ་སྤྱིའི་ཡར་རྒྱས་རྒྱུན་ལས་ཚོགས་ཆུང་གི་མདུན་དུ་བོད་དོན་སྐོར་ལ་ཉན་ཞིབ་གནང་ཡོད་འདུག

དེ་ཉིན་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ཁེ་ན་ཌའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་ཆེད་ཕེབས་གནང་ཡོད་པ་དང་། མཛད་སྒོར་ཁེ་ན་ཌའི་རིག་གཞུང་བློན་ཆེན་ལྕམ་སྐུ་མི་ལ་ནི་ ཇོ་ལི་ (Mélanie Joly, Minister of Canadian Heritage) མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། དེ་བཞིན་བོད་རིགས་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་གཙོ་བཅས་ཕེབས་གནང་འདུག་པའི་གནས་ཚུལ་དུ། །