བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྦིར་བོད་ཚོགས་སུ་གོ་སྒྲིག་ཞུས་པའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད་ཀྱི་ཟབ་སྦྱོང་མཇུག་སྒྲིལ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༧ ནས་ ༢༡ བར་ཉིན་ལྔའི་རིང་རྒྱ་གར་བྱང་ཕྱོགས་སྦིར་བོད་ཚོགས་སུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྦིར་སྡེ་དགེ་དང་། སྦིར་བོད་ཚོགས། སྦིར་ནང་ཆེན། ཀུ་ལུ་མ་ན་ལི། མན་ཌི། ཌལ་ཧོར་ས་གནས་ཁག་ནས་ཕེབས་པའི་ས་གནས་འཐུས་མི་དང་། ས་གནས་འགོ་འཛིན་བཅས་ཀྱི་ཐོག་སྦིར་ལི་ལི་གྲོང་སྡེའི་མི་འཐུས་ཁྱོན་ཟབ་སྦྱོང་བ་མི་གྲངས་ ༦༨ ལ་ས་གནས་འཐུས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་བཏང་འཛིན་གྱི་སྒྲིག་གཞི་ཁག་གི་ཟབ་སྦྱོང་གཟབ་རྒྱས་ངང་མཇུག་སྒྲིལ་གནང་ཡོད།

ཟབ་སྦྱོང་གི་ཉིན་གཉིས་པར་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་བཏང་རྩིས་བཅས་ཀྱི་ཐོག་ཟབ་ཁྲིད་གནང་བ་དང་། ཉིན་གསུམ་པར་ཉིན་རྗེས་མའི་དམར་ཁྲིད་གྲོས་ཚོགས་ཀྱི་ལས་རིམ་ཆེད་ཟབ་སྦྱོང་བ་རྣམས་སྡེ་ཚན་ཆ་བགོས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་དང་། ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར། གཞུང་འབྲེལ་གྲོས་ཆོད་གྲོས་འཆར། ཁྲིམས་འཆར། ས་གནས་འགོ་འཛིན་གྱི་ལོ་འཁོར་ལས་བསྡོམས་དང་། སྔོན་རྩིས་གསུང་བཤད་སོགས་ཀྱི་གྲ་སྒྲིག་གནང་རྒྱུ་རྣམས་གནང་ཡོད།

ཟབ་སྦྱོང་ཉིན་བཞི་པ་དང་ལྔ་པའི་དམར་ཁྲིད་སྐབས་ཟབ་སྦྱོང་བ་རྣམས་ཀྱིས་དོ་སྣང་ཆེན་པོའི་ངང་མཉམ་ཞུགས་གནང་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་པ་ལྟར་ཐོག་མར་ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་རྗེས། རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཏེ་དམར་ཁྲིད་གནང་ཡོད། དམར་ཁྲིད་སྐབས་ཟབ་སྦྱོང་བ་རྣམ་པས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ནོར་འཁྲུལ་ཤོར་ཚེ་ཟབ་ཁྲིད་གནང་མཁན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་རྣམ་གཉིས་ཀྱིས་སྐབས་ཐོག་སོ་སོར་སློབ་སྟོན་གནང་སྟེ་སྐྱོན་གནད་རྣམས་ཡོ་བསྲང་གནང་ཡོད་པ་དང། དེ་བཞིན་ས་གནས་ཁག་གི་ས་འཐུས་ཚོགས་གཙོ་རྣམས་ཀྱིས་བང་རིམ་བཞིན་ཚོགས་འདུ་གཙོ་སྐྱོང་གནང་ཡོད་འདུ

ཟབ་སྦྱོང་གི་མཇུག་བསྡོམས་ཐོག་སྦིར་བོད་ཚོགས་ཀྱི་ས་འཐུས་ཚོགས་གཙོ་དར་རྒྱས་ལགས་ཀྱིས་ཟབ་སྦྱོང་གི་ཕན་ཐོགས་དང་། ཟབ་སྦྱོང་དེས་ས་འཐུས་རྣམ་པའི་མ་འོངས་པའི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་ཇི་ལྟར་ཕན་ཐོགས་བྱུང་བའི་སྐོར་ལ་གསུངས་གནང་རྗེས། ཟབ་ཁྲིད་གནང་མཁན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་ཟབ་སྦྱོང་བ་ཡོངས་ཀྱིས་དོ་སྣང་ཆེན་པོའི་ཐོག་མཉམ་ཞུགས་གནང་བར་བསྔགས་བརྗོད་གནང་བ་མ་ཟད། སྦིར་བོད་ཚོགས་ཀྱིས་ཟབ་སྦྱོང་གི་མཐུན་འགྱུར་གནང་སྒོ་ཁག་ཆད་ལུས་མེད་པར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག

ཕྱོགས་མཚུངས་སྦིར་བོད་ཚོགས་ཀྱི་ས་གནས་འགོ་འཛིན་སྒྲོལ་མ་ཚེ་རིང་ལགས་ཀྱིས་ཟབ་ཁྲིད་པ་རྣམ་གཉིས་དང་། ཟབ་སྦྱོང་གོ་སྒྲིག་གནང་མཁན་གྱི་ལས་བྱེད། དེ་བཞིན་ས་གནས་ཁག་འདྲ་མིན་ནས་ཕེབས་པའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་རྗེས། ཉིན་ལྔའི་རིང་གི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་ཡོད།

ཟབ་སྦྱོང་གི་ཉིན་མཐའ་མའི་དགོང་དྲོར་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་པའི་ཐོག་ཟབ་ཁྲིད་གནང་མཁན་སྤྱི་འཐུས་དང་། ཕྱོགས་བཞུགས་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག ས་གནས་སློབ་གྲྭ་ཁག་གི་སློབ་སྤྱི་དང་། སྨན་ཁང་ཁག་གི་འགན་འཛིན། དེ་བཞིན་སྦིར་གཞིས་ཆགས་ནང་གི་དགོན་སྡེ་ཁག་གི་མཁན་པོ། ཟབ་སྦྱོང་བ་རྣམ་པ་བཅས་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་བཅས། །