བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་འཐུས་མི་མཇལ་འཕྲད་ཀྱི་ལས་རིམ་འགྲོ་བཞིན་པའི་གནས་བསྡུས།


༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྣེ་ཁྲིད་ཀྱིས་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་བཅས་སྤྱི་འཐུས་ཚོགས་ཆུང་ཞིག་གིས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་གནང་བཞིན་འདུག། ཕྱི་ཚེས་ ༡༨ དང་ ༡༩ ཉིན་མངའ་སྡེ་ཁག་མ་འདྲ་བཅུ་བཞི་དང་། ཆབ་སྲིད་ཚོགས་པ་ལྔའི་འཐུས་མི་ ༢༡ མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་གནང་ཡོད་པ་མ་ཟད་། བོད་ནང་རྒྱ་དམར་བཙན་འཛུལ་བྱས་ཏེ་ད་བར་ཛ་དྲག་གི་གནས་སྟངས་དང་ཁོར་ཡུག། རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་བ་སོགས་ཡིག་ངག་གཉིས་ཐོག་ནས་སྙན་སེང་ཞུས་འདུག
སྤྱི་ལྷན་ཞུ་འབོད་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས། ” སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་ནང་གསར་དུ་བདམས་ཐོན་བྱུང་བའི་གྲོས་ཚོགས་འཐུས་མི་ཚོར་ང་ཚོའི་སྔོན་འགྲོའི་རེ་དམིགས་ནི། བདམས་ཐོན་ཟིན་པའི་གྲོས་ཚོགས་འཐུས་མི་ ༥༤༣ ནང་ནས་གྲོས་ཚོགས་འཐུས་མི་ ༣༡༥ ཙམ་ཡང་ན་བརྒྱ་ཆ་ ༥༨ ལྷག་ད་རེས་ཐེངས་དང་པོར་ལས་ཁུར་ཞུ་བཞིན་ཡོད་ལ། དེ་ཡང་རྒྱ་གར་གྲོས་ཚོགས་ནང་འདས་པའི་ལོ་ངོོ་ ༣༠ ལྷག་ཙམ་གྱི་རིང་གསར་དུ་བདམས་ཐོན་བྱུང་བའི་གྲོས་ཚོགས་འཐུས་མིའི་གྲངས་འབོར་མང་ཤོས་དེ་ཡང་ཆགས་ཡོད་འདུག ཐེངས་དེར་ང་ཚོས་ངེས་པར་དུ་ཁོང་རྣམ་པར་མཇལ་འཕྲད་ཞུ་རྒྱུས་མཚོན་བོད་དང་བོད་མིའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་རྒྱུའི་རེ་འབོད་ཞུ་བཞིན་ཡོད་ “ཅེས་གསུངས།
ཐེངས་དེར་གནད་དོན་གལ་ཆེ་ཞིག་ལ། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་གླེང་སྟེགས་ནང་རྒྱ་གར་གྲོས་ཚོགས་འཐུས་མི་ཚོས་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་། དེ་མིན་གྱི་བོད་དོན་གླེང་སྟེགས་དེ་ཡང་རྒྱ་གར་གྲོས་ཚོགས་འཐུས་མི་ཙམ་མིན་པར་རྒྱལ་སྤྱིའི་སྡིངས་ཆ་སྣ་མང་ནང་སྔར་མུས་བཞིན་སླར་གསོ་དང་རྒྱབ་སྐྱོར་ཡོང་རྒྱུའི་དགོས་འདོན་ཡང་བཏོན་གནང་འདུག གཞན་ཡང་སྤྱི་ལྷ་སྐུ་ཚབ་ཚོགས་ཆུང་ངོས་ནས་ཞུ་འབོད་ཀྱི་གནད་དོན་གཅིག་ནི། རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་ཡོང་ལ་ཉེ་བའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་ཐོག་མཉམ་ཞུགས་གནང་ཐབས་ཡོང་བའི་རེ་སྐུལ་ཡང་ཞུས་ཡོད་འདུག
ཁོང་ཚོས་བོད་མིའི་སྐུ་ཚབ་ཚོགས་ཆུང་དང་ལྷན་བོད་ཀྱི་གནས་སྟངས་ཐོག་དུས་དང་འཚམ་པའི་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུས་མཚོན་མ་འོངས་པར་དུས་ནས་དུས་སུ་འབྲེལ་བ་འཇོག་རྒྱུར་རེ་སྐུལ་ཞུས་ཡོད། ད་དུང་མ་འོངས་པར་བོད་དོན་ཐོག་ལག་བསྟར་གནང་སྟངས་གནང་ལུགས་ཀྱི་ལམ་སྟོན་རིན་ཐང་བྲལ་བ་ཞུ་རྒྱུའི་དགོས་དོན་ཡང་བཏོན་གནང་འདུག
མཐའ་དོན་དེར་ད་རེས་ཀྱི་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་དེ་ཡང་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་སྣེ་ཁྲིད་འོག་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག གཞན་ཡང་སྤྱི་ལྷན་གྱི་ཚོགས་གཙོ་སྦྲེལ་པོའི་སྒེར་དྲུང་སྐལ་བཟང་གཡུ་སྒྲོན་ལགས། མ་ཟད་ཐེངས་དེར་ཞུ་འབོད་ཀྱི་ལས་འགུལ་གོ་སྒྲིག་གནང་མཁན་ནི། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་དཔལ་འབྱོར་ལགས་བཅས་ཡིན་པའི་གནས་ཚུལ་སུ།