བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཅེཀ་གྲོས་ཚོགས་འཐུས་མི་རྣམ་པ་གཉིས་ལ་གསོལ་ཚིགས་འདེགས་འབུལ་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་འཛུགས་མཁན་གྱི་ཚོགས་མི་དང་། ད་ལྟ་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ཧྥ་རན་ཊི་སེག ཀོ་པི་ཝ་ (Hon. Frantisek Kopriva ,a founding member and co-chairperson of Czech Parliamentary Group for Tibet) མཆོག་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་མཁན་གྱི་ཚོགས་མི་ལྕམ་སྐུ་ཌཱ་ན་ བྷལ་ཁཱ་རོ་ཝ་ (Ms. Dana Balcarova,founding member of the Czech parliamentary group of Tibet) མཆོག་རྣམ་གཉིས་ལ་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་ཞུས་གནང་ཡོད་འདུག

སྐབས་དེར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམ་གཉིས་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་དང་། ཟུང་དྲུང་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གསོལ་ཚིགས་སུ་ཕེབས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་སོགས་ངོ་སྤྲོད་གནང་རྗེས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་རྣམ་གཉིས་བཞུགས་སྒར་དུ་ཕེབས་པར་འཚམས་འདྲི་དང་སྦྲགས་གསུང་དོན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་སྐུ་ཞབས་ཝི་སི་ལབ་ ཧཱ་ཝིལ་དམ་པ་ (Vaclav Havel) མཆོག་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་སྨོན་དང་། རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། སྐུ་ཞབས་ཁོང་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་མགོན་པོ་གང་ཉིད་མཆོག་གདན་ཞུས་སྣེ་ལེན་གཟབ་རྒྱས་གནང་སྟེ། རྒྱལ་ཁབ་གཞན་གྱི་འགོ་འཁྲིད་ཚོར་མིག་དཔེ་བཟང་པོ་བསྟན་ཡོད།

ཕྱི་ལོ་ ༢༠༠༣ ལོར་ཅེཀ་རྒྱལ་ས་པ་རག་ཏུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༤ པ་འཚོགས་པའི་སྐབས་སྲིད་འཛིན་དམ་པ་ཁོང་གི་གདན་ཞུས་ལྟར། སྲིད་འཛིན་མཆོག་གི་གཟིམ་ཤག་ཏུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་སྲིད་འཛིན་མཆོག་དང་ལྷན་ཉིན་གུང་གསོལ་ཚིགས་བཞེས་རྒྱུའི་གོ་སྐབས་ཐོབ་བྱུང་། དེ་ནི་ངའི་བརྗེད་པར་དཀའ་བའི་དུས་ཤིག་ཡིན། ༧གོང་ས་མཆོག་གི་གྲོགས་པོ་དང་། བོད་དོན་རྒྱབ་སྐྱོར་བ་ངོ་མ་སྐུ་ཞབས་ཁོང་མཇལ་རྒྱུ་བྱུང་བ་ནི་བསོད་ནམས་ཆེན་པོ་ཡིན་བསམ་གྱི་འདུག

ཅེཀ་སྤྱི་མཐུན་རྒྱལ་ཁབ་ནི་ཡུ་རོབ་རྒྱལ་ཁབ་ཆུང་གྲས་ཤིག་ཡིན་ཡང་། བོད་ཀྱི་འཐབ་རྩོད་ཐོག་གདུང་སེམས་མཉམ་སྐྱེད་དང་། རྒྱབ་སྐྱོར་མཚོན་ཆེད་རྒྱལ་ཁབ་དེའི་ནང་བོད་ཀྱི་རྒྱལ་དར་ ༩༠༠  སྒྲེང་འཛུགས་གནང་ཡོད་པ་མ་ཟད། ཡུ་རོབ་ནང་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་ཞིག་རེད།  ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་ཕལ་མོ་ཆེར་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུ་འགྲོ་བཞིན་ཡོད་ཀྱང་། ཁྱེད་རྣམ་གཉིས་ནས་གཞུང་འབྲེལ་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་བརྩིའི་སླད། ཅེཀ་རྒྱལ་ཁབ་ནས་བཞུགས་སྒར་དུ་ཕེབས་རྒྱུའི་ཐག་གཅོད་གནང་བ་དེས་བོད་དོན་ཐོག་རྒྱབ་སྐྱོར་ཇི་ཙམ་གནང་གི་ཡོད་པ་ཤེས་ཐུབ། རྒྱལ་ཁབ་སུས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེས་འཚེ་བ་མེད་པ་དང་། དྲང་བདེན་ལ་རྒྱབ་སྐྱོར་གནང་བར་མཚོན་གྱི་ཡོད། ཁྱེད་རྣམ་པས་བོད་དོན་ཐོག་འགྱུར་བ་མེད་པར་མུ་མཐུད་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

དེ་བཞིན་གོ་སྐབས་འདི་བརྒྱུད་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དང་། མི་མང་བཅས་ཀྱིས་རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན། ངས་ཅེཀ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥ་རན་ཊི་སེག ཀོ་པི་ཝ་མཆོག་དང་། ལྕམ་སྐུ་ཌཱ་ན་ བྷལ་ཁཱ་རོ་ཝ་མཆོག་རྣམ་གཉིས་ཀྱིས་ས་ཐག་རིང་པོ་ནས་འགྲུལ་བཞུད་ཀྱིས་འདིར་ཆེད་དུ་བོད་ཀྱི་གལ་ཆེའི་དུས་དྲན་སྲུང་བརྩི་ཞུ་བར་ཕེབས་པ་དང་། འབྱུང་འགྱུར་བོད་དོན་ཐོག་ཕྱག་ལས་གནང་རྒྱུའི་འཆར་གཞི་བསྒྲིགས་པ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་བ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་བཅས་ཀྱི་སྐོར་ལ་གསུངས་གནང་ཡོད་འདུག

དེ་ནས་ཅེཀ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥ་རན་ཊི་སེག ཀོ་པི་ཝ་མཆོག་གིས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྡ་སར་བཞུགས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཕེབས་པའི་མྱོང་ཚོར་དང་། ཅེཀ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མིའི་སྤྱི་བསྒྲགས་སྐོར། དེ་བཞིན་ཅེཀ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡུ་རོབ་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཡིན་སྐོར་སོགས་གསུངས་གནང་ཡོད་འདུག་པ་མ་ཟད། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་གཙོས་སྤྱི་འཐུས་རྣམ་པ་ཅེཀ་རྒྱལ་ས་པ་རག་ལ་གདན་ཞུ་གནང་ཡོད་འདུག

ལྕམ་སྐུ་ཌཱ་ན་ བྷལ་ཁཱ་རོ་ཝ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། རྒྱུན་གནས་ཐུབ་པའི་ཡར་རྒྱས་སོགས་ཁོར་ཡུག་དང་འབྲེལ་བའི་སྐོར་གསུངས་གནང་འདུག་པ་མ་ཟད། བོད་དོན་ཐད་ཕྱག་ལས་མུ་མཐུད་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག

དེ་ནས་ཅེཀ་གྲོས་ཚོགས་འཐུས་མི་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པའི་དབར་བཙན་བྱོལ་བོད་མིའི་འོས་བསྡུའི་སྐོར་དང་། བོད་མི་མང་སྤྱི་འཐུས་རྣམ་པ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱོགས་ཕེབས་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་རིམ་སྐོར། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱི་སྐོར་གོ་བསྡུར་ལྷུགས་པོ་གནང་རྗེས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་མགྲོན་རྣམ་གཉིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྟོན་པའི་སྐུ་ཐང་རེ་ཕྱག་རྟགས་སུ་ཕུལ་གནང་འདུག་པ་བཅས།  །