བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གལ་གནད་ཆེ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ལག་ནའོ་གན་དྷིའི་བསྟི་གནས་ཁང་གཉིས་ཀྱི་གོ་སྒྲིག་འོག་ལག་ནའོ་གན་དྷིའི་ཚོགས་ཁང་དུ་བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གལ་ཆེ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་གནང་ཡོད།

དེ་ཡང་བགྲོ་གླེང་ལྷན་ཚོགས་དབུ་འཛུགས་ཀྱི་ཐོག་མར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བགྲོ་གླེང་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་རྗེས། ལག་ནའོ་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་སྐུ་ཞབས་དའོ་ཇི་ གུབ་ད་ (Shri.Dauji Gupta, Ex-MLC and Ex-Mayor) ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནངཡོད། སྐབས་དེའི་བགྲོ་གླེང་གནང་མཁན་ནང་ཉམས་ཞིབ་པ་སྐུ་ཞབས་པར་དིབ་ཀུ་མར་གྷོ་ཏམ་ (Colonel.Pradeep Kumar Gautam (Retd), Research Fellow at Institute for Defense Studies and Analyses) ལགས་དང་། སྐུ་ཞབས་ཝི་ནུ་ད་ཤན་ཀར་ཅའོ་བེ་ (Vinod Shankar Chaubey I.A.S(Retd) ) ལགས།  ཇོ་ཧ་ལ་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་ཟུར་པ་སྐུ་ཞབས་ཨ་ནན་ད་ ཀུ་མར་ (Dr. Anand Kumar, Research Fellow at The Indian Institute of advanced Study, Shimla, Former Professor at Jawaharlal Nehru University) ལགས། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་བཅས་ཡོད།

བགྲོ་གླེང་ལྷན་ཚོགས་སྐབས་ཉམས་ཞིབ་པ་སྐུ་ཞབས་པར་དིབ་གྷོ་ཏམ་ (Pradeep Kumar Gautam) ལགས་ཀྱིས་རྒྱ་གར་རྒྱལ་སྲུང་བདེ་འཇགས་ཀྱིས་བོད་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་སྐོར་ལ་ཁོང་གིས་དང་པོ་ལོ་རྒྱུས་དང་རིག་གཞུང་། སྤྱི་ཚོགས་ཀྱི་དཔལ་ཡོན་དང་། གཉིས་པ་སྣོད་བཅུད་སྐོར། གསུམ་པ་བཟང་སྤྱོད་སྐོར། བཞི་པ་ཡུལ་བབ་སྲིད་བྱུས་བཅས་དང་རྒྱལ་སྲུང་བདེ་འཇགས་དབར་གྱི་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། རྒྱ་གར་གཞུང་གི་ཡུལ་བབ་སྲིད་བྱུས་དང་། རྒྱལ་ཁབ་གྱི་ཁེ་ཕན་བཅས་ཀྱི་ཐོག་འགྲེལ་བརྗོད་གཏིང་ཟབ་གནང་ཡོད།

དེ་ནས་བོད་ཀྱི་རིག་གཞུང་གལ་ཆེ་ཚུལ་སྐོར་ལ་སྐུ་ཞབས་ཝི་ནུ་ད་ཤན་ཀར་ ཅའོ་བེ་ (Vinod Shankar Chaubey) ལགས་ཀྱིས་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་གིས་རྒྱ་གར་ནང་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་ཐོག་དཔེ་མཚོན་ཁག་གཅིག་དྲངས་ཏེ་གསུང་བཤད་གནང་ཡོད།  ཁོང་གིས་ཁོ་རང་གི་ད་ལྟ་གནང་མུས་ཕྱག་ལས་ནི་སྡེ་ར་ལྡུན་ནང་ཡོད་པའི་བོད་པའི་སྤྱི་ཚོགས་དང་འབྲེལ་བ་ཤུགས་ཆེ་ཡོད་སྟབས་བོད་ཀྱི་རིག་གཞུང་དང་སེམས་ཐག་ཧ་ཅང་ཉེ་པོ་ཡོད་པའི་སྐོར་གསུངས་གནང་བ་མ་ཟད། རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་འོག་བོད་ནང་གྲངས་ཉུང་མི་རིགས་ཀྱི་གཞི་རྩའི་རང་དབང་མེད་པ་དང་། ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུས་གནང་ཡོད། དེ་མཚུངས་ཁོང་གིས་རྒྱ་གར་གྱིས་བོད་ཀྱི་རིག་གཞུང་སླར་གསོ་དང་རང་དབང་འཐབ་རྩོད་ཐོག་རོགས་པ་གནང་ཐུབ་ཀྱི་རེད་ཅེས་གསུངས་གནང་འདུག

རྒྱ་གར་ཕྱི་འབྲེལ་སྲིད་བྱུས་ཀྱི་བོད་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་སྐོར་ལ་སྐུ་ཞབས་ཨ་ནན་ཏ་ ཀུ་མར་ (Dr. Anand Kumar) ལགས་ཀྱིས་བོད་དང་ཕྱིའི་རྒྱལ་ཁབ་ཁག་གི་འབྲེལ་བ་དང་། ལྷག་པར་དུ་རྒྱ་གར་དང་འབྲེལ་བ་ཇི་ཡོད་སྐོར་གསུངས་གནང་ཡོད། རྒྱ་གར་གཞུང་ནས་སྔར་ལྷག་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་དགོས་པ་དང་། རྒྱ་གར་མི་མང་དང་བོད་ཐོག་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་དབར་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་སོགས་གསུངས་པ་མ་ཟད། བོད་ཀྱི་གནད་དོན་དེ་རྒྱ་གར་དང་དམིགས་བསལ་གྱི་འབྲེལ་བ་ཡོད་ཅེས་གསུངས་གནང་ཡོད་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་ཁོར་ཡུག་གི་གནད་དོན་དང་དེས་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་སྐོར་ངོ་སྤྲོད་གནང་ཡོད་པ་དང་། ཁོང་གིས་བོད་ནི་འཛམ་གླིང་ཐོག་གི་མཐོ་སྒང་ཆེ་ཤོས་ཤིག་ཡིན་པ་དང་། འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་ཕུད་པའི་མཐོ་སྒང་བོད་དེ་སྣེ་གསུམ་པ་ཆགས་ཡོད་པས་མཐོ་སྒང་བོད་ཀྱི་འཁྱགས་རོམ་མགྱོགས་པོ་བཞུར་བཞིན་པ་དེས་རྒྱ་གར་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཁོར་ཡུག་ལ་དོ་ཕོག་འགྲོ་ཚུལ། དེ་བཞིན་བོད་ཀྱི་ཚ་དྲོད་འཕེལ་ན་རང་བཞིན་གྱི་སའི་གོ་ལ་སྤྱིའི་གནམ་གཤིས་ལ་དོ་ཕོག་བྱུང་གི་ཡོད་སྐོར། བོད་ནི་ལྷོ་ཤར་ཨེ་ཤི་ཡའི་རྒྱུགས་ཆུ་མང་པོའི་ཆུ་འགོ་ཡིན་པ་དང་ཨེ་ཤི་ཡའི་ནང་བབས་པའི་རྒྱུགས་ཆུ་ཆེན་པོ་དྲུག་གི་འབྱུང་ཁུངས་བོད་ཡིན་པ་བཅས་བོད་ཀྱི་ཁོར་ཡུག་འཛམ་གླིང་སྟེང་ཧ་ཅང་གལ་ཆེན་པོ་ཡིན་པའི་གནད་དོན་མི་འདྲ་བ་བཞི་བརྒྱུད་འགྲེལ་བརྗོད་གནང་ཡོད་འདུག

དྲི་བ་དྲིས་ལན་གྱི་ལས་རིམ་འགོ་མ་ཚུགས་སྔོན་བགྲོ་གླེང་གཙོ་སྐྱོང་བ་སྐུ་ཞབས་དའོ་ཇི་གུབ་ད་ (Shri.Dauji Gupta) ལགས་ཀྱིས་བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ལྟར་གལ་ཆེན་པོ་ཡིན་པའི་སྐོར་ལ་བགློ་གླེང་གནང་མཁན་གྱིས་གསུངས་ཟིན་པའི་གལ་ཆེའི་དོན་གནད་རྣམས་བསྐྱར་དུ་དྲན་བསྐུལ་ཆེད་གསུངས་གནང་བ་དང་ཆབས་ཅིག ༸གོང་ས་མཆོག་གིས་དབུ་འཁྲིད་པའི་བོད་ཀྱི་ཞི་བའི་འཐབ་རྩོད་ལས་འགུལ་ལ་ཡིད་རངས་བསྔགས་བརྗོད་གནང་ཡོད། དེ་བཞིན་བོད་དང་འབྲེལ་བའི་ལྷན་ཚོགས་འདི་ལྟ་བུ་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལག་ནའོ་རུ་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞུས་གནང་འདུག

དེ་ནས་ལྷན་ཚོགས་གོ་སྒྲིག་ཞུ་མཁན་ཁོངས་ནས་ཡིན་པའི་གན་དྷིའི་བསྟི་གནས་ཁང་གི་དྲུང་ཆེ་སྐུ་ཞབས་ལལ་བ་དུར་རཡེ་ (Lal Bhadur Rai) ལགས་དང་། སྐུ་ཞབས་སུ་རིན་དར་ (Surender Kumar) ལགས་རྣམ་གཉིས་ཀྱིས་ལྷན་ཚོགས་ཐོག་ཕེབས་པའི་བགྲོ་གླེང་གནང་མཁན་གྱིས་གཙོས་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་རྗེས་བགློ་གླེང་མཇུག་སྒྲིལ་གནང་ཡོད།

བགློ་གླེང་ལྷན་ཚོགས་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་བཅར་བ་ཡོངས་ལ་བོད་དོན་ཐོག་ཐུགས་ཁུར་ཆེ་བཞེས་ཀྱིས་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག་བགྲོ་གླེང་གཙོ་སྐྱོང་བ་དང་། བགྲོ་གླེང་གནང་མཁན་ཡོངས་ལ་མཇལ་དར་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་ཕུལ་གནང་ཡོད།

བགྲོ་གླེང་ལྷན་ཚོགས་ནང་བོད་མི་མང་སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་རྒྱུན་ལས་ཀླུ་ཚང་རྒྱ་རིགས་ཐར་མཆོག་རྣམ་གཉིས་མཉམ་ཞུགས་གནང་ཡོད་པ་དང་།  དེ་བཞིན་གན་དྷིའི་རྗེས་འབྲངས་པ་དང་། གཙུག་ལག་སློབ་དཔོན་ཕྱག་རོགས། (Assistant Professor) ཤེས་ལྡན་པ། ཆབ་སྲིད་མི་སྣ། མཐོ་སློབ་ཀྱི་སློབ་གཉེར་བ། གསར་འགོད་པ་སོགས་མི་གྲངས་ ༨༠ ལྷག་ཙམ་མཉམ་ཞུགས་གནང་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་རང་ལུས་མེར་བསྲེགས་དང་འབྲེལ་བའི་འགྲེམ་ཡིག་གཙོས་དེབ་རིགས་གཞན་ཁག་ཅིག་དང་། དེ་མིན་འཕགས་བོད་འབྲེལ་མཐུད་ཚོགས་པ་ནས་པར་བསྐྲུན་ཞུས་པའི་དེབ་ཁག་ཅིག་བགྲོ་གླེང་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་ཞིབ་ཆེད་ཕུལ་གནང་ཡོད།

ཡུ་པི་མངའ་སྡེའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སྐུ་ཞབས་སུ་རིན་དི་རར་ ཀུ་མར་  (Surenderer Kumar) ལགས་དང་། སྐུ་ཞབས་སུན་དར་ལལ་ སུ་མན་ (Mr. Sunder Lal་Suman) ལགས་གཉིས་ཀྱིས་བགྲོ་གླེང་ལྷན་ཚོགས་གྲ་སྒྲིག་ཞུ་སྒོར་མཐུན་འགྱུར་རོགས་རམ་གང་ལེགས་གནང་ཡོད་འདུག་པ་བཅས། །