དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ལྡི་ལི་ལལ་ཀི་ལ་བོད་མིའི་སུད་ཚོང་བའི་ཁྲོམ་སར་མེ་སྐྱོན་བྱུང་བར་རོགས་སྐྱོར་དགོས་པའི་འབོད་སྐུལ་གནང་འདུག

 

img_2399

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༨ ཐོ་རངས་ཆུ་ཚོད་ ༡ ཙམ་ལ་ལྡི་ལི་ལལ་ཀི་ལ་བོད་མི་སུད་ཚོང་བའི་ཁྲོམ་ས་ཡོངས་ལ་མེ་སྐྱོན་ཅི་ཆེ་བྱུང་བའི་དབང་གིས་གྱོང་གུན་ཚབས་ཆེན་ཕོག་ཡོད་པའི་གནས་ཚུལ་ཐོས་པར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཐག་བཅད་གནང་བ་བཞིན་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་ཁྲོམ་སར་མེ་སྐྱོན་བྱུང་སར་དངོས་སུ་ཕེབས་ཏེ། མི་མང་རྣམས་ཐུག་འཕྲད་ཀྱིས་ཐུགས་གསོ་དང་སྦྲགས་གུན་སྐྱོབ་མཚོན་དོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་ངལ་སེལ་ཐེབས་རྩ་ནས་ཧིན་སྒོར་བདུན་ཁྲི་ (༧༠༠༠༠།༠༠) ཐམ་པ་གནང་བ་དང་། ཁྲོམ་ས་བདག་པོ་རྣམས་ལ་སེམས་གསོ་གནང་དོན། འབྱུང་བཞིའི་གནོད་པ་རྣམས་ལ་བྱ་ཐབས་མེད་པས་དཀའ་ངལ་འདི་ལྟ་བུ་ཡོང་སྲིད་ཀྱང་། ང་ཚོར་དཀའ་ངལ་འདི་ལྟ་བུ་འཕྲད་དུས་སེམས་ངལ་མི་བྱེད་པའི་ཐོག་ནས་འབྲེལ་ཡོད་ཚང་མས་གདོང་ལེན་བྱས་ཏེ་གང་མགྱོགས་ཁྲོམ་ས་གསར་བསྐྲུན་གནང་ཐུབ་རྒྱུར་འབད་བརྩོན་བྱ་དགོས་པ་དང་།

ཁྱེད་རྣམས་ལ་གྱོང་གུན་ཆེན་པོ་ཕོག་ཡོད་པ་ཤེས་ཚོར་བྱུང་། འདིར་ལྟ་སྐབས་ལྕགས་ཤོག་རྣམས་ཀྱང་མེས་འཚིགས་སྐྱོན་བྱུང་འདུག་སྟབས་ཚོང་ཟོག་སྨྲོས་མི་དགོས་ཤིང་། ལོ་གཅིག་ལ་འཚོ་བའི་རྟེན་ས་ཆེ་ཤོས་སུད་ཚོང་ཁྲོམ་སར་མེས་སྐྱོན་བྱུང་བ་ནི་སྟོན་ཉེས་བྱུང་བ་ལྟ་བུའི་གྱོང་གུན་ཕོག་པར་བརྟེན། གནས་ཡུལ་དབུས་སའི་གཞུང་ལ་ཞུ་བསྐུལ་གནང་ཐབས་དགོས་རྒྱུ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་། ཕྱི་རྒྱལ་བཞུགས་པའི་བོད་མི་རྣམས་དང་། རྒྱ་གར་གནས་བཞུགས་བོད་མི་ཡོངས་ནས་རྒྱ་མཚོ་ཆུ་ཐིགས་ཟེར་བའི་དཔེ་ལྟར་ཞལ་འདེབས་གང་ཐུབ་གནང་རོགས་ཞེས་འབོད་སྐུལ་གནང་འདུག

གཞན་ཡང་ཚོགས་གཙོ་མཆོག་ནས་རྒྱ་གར་གནས་བཞུགས་བོད་མི་རྣམས་ཀྱི་སུད་ཚོང་རྒྱག་པའི་སྐབས་ཡུལ་མི་རྣམས་དང་མཐུན་ལམ་དང་། དེ་བཞིན་ཁྲོམ་སར་སྲུང་སྐྱོབ་གང་ལེགས་གནང་ཐབས་དགོས། འདི་ལྟ་བུའི་མེས་སྐྱོན་ཡང་ཡང་བྱུང་བ་ཡིན་ན་གཅིག་ནས་སྒེར་སོ་སོ་ལ་གྱོང་གུན་ཆེན་པོ་ཕོག་རྒྱུ་དང་། གཉིས་ནས་སྤྱི་ཚོགས་ལའང་བརྡབ་གསིག་ཡོང་གི་ཡོད་དུས་ཁྲོམ་སར་སྲུང་སྐྱོབ་དགོས་པ་གལ་ཆེན་པོ་ཡིན་པ་བཅས་ཀྱི་ལམ་སྟོན་ཕེབས་འདུག སྐབས་དེར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་དང་། ལྡི་ལི་དོན་གཅོད་ཀྱི་དྲུང་ཆེ། ལྡི་ལི་ས་གནས་འགོ་འཛིན་དང་། འབྲེལ་ཡོད་ལས་བྱེད་ཁག་ཅིག སུད་ཚོང་ཚོགས་པའི་རྒྱུན་ལས་ཁག་ཅིག བསམ་ཡས་གླིང་གི་བརྒྱ་དཔོན་བཅས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལྷན་བཅར་ཞུས་འདུག་པ་བཅས།།

img_2398