དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་ཧི་མཱ་ལ་ཡའི་དུས་སྟོན་མཛད་སྒོར་ཆེད་བཅར་གནང་བ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་དང་བསྟུན། ལོ་ལྟར་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་ཧི་མཱ་ལ་ཡའི་དུས་སྟོན་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༣༠ འཁོར་བའི་ཉིན་མོར་བོད་ཀྱི་ཟློས་གར་ཚོགས་ཁང་ནང་ཉིན་གཉིས་རིང་གི་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༤ སྲུང་བརྩི་གནང་བའི་ཐོག་བོད་མི་མང་སྤྱི་འཐུས་རྣམ་པ་སྐུ་མགྲོན་དུ་གདན་ཞུས་གནང་བ་བཞིན། ཕྱི་ཚེས་ ༡༠ དང་། ༡༡ བཅས་ཉིན་གཉིས་ཀྱི་དུས་སྟོན་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་ཁག་ཅིག་ཆེད་ཕེབས་གནང་ཡོད།

དུས་སྟོན་ཉིན་དང་པོར་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་འཚམས་འདྲི་དང་སྦྲགས་ཧིན་སྐད་ཐོག་དུས་སྟོན་དང་འབྲེལ་བའི་གསུང་བཤད་གནང་འདུག

ཉིན་གཉིས་པར་དུས་སྟོན་གོ་སྒྲིག་ཞུ་མཁན་ནས་རེ་སྐུལ་གནང་བ་ལྟར། དཔལ་ལྡན་ཚོགས་གཞོན་མཆོག་གིས་དུས་སྟོན་ཐོག་རིག་གཞུང་འཁྲབ་སྟོན་པ་རུ་ཁག་ ༣༣ ཡོད་པ་རྣམས་ལ་ཆེ་བསྟོད་ཕྱག་འཁྱེར་ཕུལ་གནང་འདུག་པ་དང་།

ལྷག་པར་ཧི་མཱ་ལ་ཡའི་དུས་སྟོན་ཉིན་གཉིས་པའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བྷི་ཇེ་པི་སྲིད་དོན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཀེ་ཤི་ པ་ཐ་ནཡེ་ (Rakesh Pathania,Member of Legislative Assembly form Nurpur,HP) མཆོག་དང་། ཆེ་བསྟོད་སྐུ་མགྲོན་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཤལ་ ནི་རི་ཡ་ (Vishal Nehria, MLA Dharamshala) མཆོག་རྣམ་གཉིས་དང་མཛད་སྒོའི་ཟུར་དུ་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུས་གནང་བ་དང་།

དེ་བཞིན་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པར་ཧི་མཱ་ལ་ཡའི་དུས་སྟོན་སྲུང་བརྩི་ཞུས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག་པ་བཅས། །