དཔལ་ལྡན་ཚོགས་གཞོན་མཆོག་གིས་སྒང་ཏོག་དང་ཀ་སྦུག་ས་གནས་མི་མང་རྣམས་ལ་ “མང་གཙོ་དང་ཆིག་སྒྲིལ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ།

དཔལ་ལྡན་ཚོགས་གཞོན་མཆོག་དང་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ ནས་ ༡༤ བར་ཉིན་གྲངས་ ༨ རིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་དང་། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་ས་གནས་མི་མང་རྣམས་ལ་ “མང་གཙོ་དང་ཆིག་སྒྲིལ་“ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུར་གདན་ཞུས་གནང་བ་ལྟར། རྡོར་གླིང་དང་། བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་ལས་རིམ་ཁག་གྲུབ་རྗེས། ཕྱི་ཚེས་ ༡༡ ནས་ ༡༣ བར་རིམ་པས་སྒང་ཏོག་དང་། ཀ་སྦུག་ས་གནས་མང་ཚོགས་རྣམས་ལ་གོང་གི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༡༡ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་དཔལ་ལྡན་ཚོགས་གཞོན་མཆོག་དཔལ་༧རྒྱལ་དབང་ཀརྨ་པའི་གདན་ས་རུམ་བཏེག་དགོན་པར་གནས་གཟིགས་ཕེབས་པ་དང་། སྐབས་དེར་དགོན་པའི་ལས་སྣེ་ཕྱག་མཛོད་རྣམ་པས་སྣེ་ལེན་ཞུས་གནང་འདུག ཉིན་རྒྱབ་ཆུ་ཚོད་ ༢ ཐོག་སྒང་ཏོག་མི་མང་ཚོགས་ཁང་ནང་མང་ཚོགས་འདུ་འཛོམས་ཐོག་ “མང་གཙོ་དང་ཆིག་སྒྲིལ་“ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང་། སྐབས་དེར་ལས་རིམ་ལྟར། ཐོག་མར་སྒང་ཏོག་ས་གནས་འགོ་འཛིན་མི་འགྱུར་གཡུ་སྒྲོན་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་། དེ་རྗེས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་སྔ་ཕྱིའི་འབྱུང་རིམ་དང་ཕན་རླབས་ཇི་ཡོད། དམིགས་ཡུལ་སོགས་ངོ་སྤྲོད་གནང་གྲུབ་མཚམས།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་མང་གཙོའི་བྱུང་བ་དང་འཕེལ་རིམ། མང་གཙོའི་ཁྱད་ཆོས་སོགས་ཀྱི་ཐོག་ཞིབ་ཕྲའི་འགྲེལ་བརྗོད་དང་། དེ་བཞིན་བཙན་བྱོལ་བོད་མའི་མང་གཙོའི་བྱུང་བ་དང་འཕེལ་རིམ་ཡོངས་སུ་རྫོགས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་དང་། ད་ལྟ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་སྒྲིག་ཁག་ ༢༧ ཡོད་པ་དེ་དག་གཙོ་བོ་༸གོང་ས་མཆོག་གི་དགོངས་བཞེད་དང་། ཡང་དག་པའི་མང་གཙོའི་ལམ་ལུགས་ལྟར་དཔལ་འབྱོར་སྲིད་བྱུས་སོགས་གང་ཅིའི་ཐད་མཐའ་གཉིས་སུ་མ་ལྷུང་བའི་ཐོག་ཕྱག་བསྟར་གནང་བཞིན་ཡོད་སྟབས་བཙན་བྱོལ་བོད་མི་ཡོངས་ནས་ཁྲིམས་སྒྲིག་དེ་དག་ལ་ཐུགས་སྣང་གིས་ཕྱག་བསྟར་གནང་དགོས་སྐོར།  གཞིས་སུ་ཡོད་པའི་བོད་མི་ཡོངས་ནས་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་མི་ལོ་ ༦༠ རིང་རྒྱ་ནག་དམར་པོའི་སྲིད་གཞུང་གི་དྲག་གནོན་སྲིད་བྱུས་ལ་གདོང་ལེན་གནང་བཞིན་པར་མིག་དཔེར་བལྟས་ནས། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་ནུས་ཤུགས་གོང་བུ་གཅིག་སྒྲིལ་གནང་དགོས་རྒྱུ་གལ་ཆེ་ཡིན་པ་མ་ཟད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་། བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག ཡ་རབས་བཟང་སྤྱོད་ལ་སོགས་མི་ཉམས་རྒྱུན་འཛིན་གནང་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར།  རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་རིག་གནས་བཅུ་པོ་ཚང་མ་རྩ་མེད་བཟོ་རྒྱུའི་ངན་བྱུས་བཏིང་བཞིན་ཡོད་པར། བོད་མི་ཚང་མས་དེ་དག་བདག་པོ་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ།

མདོར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་ལམ་སྟོན་གནང་བའི་བཀའ་དྲིན་དང་། མི་ཐོག་གོང་མ་རྣམས་ཀྱིས་སྐུ་ལས་བསྐྱོན་པར་བརྟེན། བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དང་།  ཆོས་དང་རིག་གཞུང་།  སྐད་ཡིག་སོགས་གང་ཅིའི་ཐོག་མི་ཉམས་རྒྱུན་འཛིན་གནང་ཡོད་པའི་མིག་དཔེ་བཟང་པོ་བསྟན་པ་དེ་དག་ང་ཚོ་ཚང་མས་མུ་མཐུད་རྒྱུན་གནས་ཀྱིས་འབད་བརྩོན་གནང་དགོས་རྒྱུ་དེ་ཆིག་སྒྲིལ་གྱི་རྩ་བ་ཆགས་ཡོད་སྐོར།  བོད་ཀྱི་ཆོས་དང་རིག་གཞུང་སོགས་སློབ་འཁྲིད་སྦྱོང་བརྡར་གནང་བཞིན་ཡོད་པ་ལྟར་མང་གཙོའི་ལམ་ལུགས་སྐོར་ལའང་སློབ་སྦྱོང་དང་གོ་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ། མང་གཙོ་དང་བོད་དོན་འཐབ་རྩོད་བཅས་ཀྱི་ཐོག་གོ་རྟོགས་དང་། ལྷག་བསམ། སེམས་ཤུགས་ཡག་པོ་ཡོད་ཚེ་ཆིག་སྒྲིལ་རང་བཞིན་གྱི་ཡོང་རྒྱུ་ཡིན་སྐོར།

མང་གཙོའི་ལམ་ལུགས་དེ་ཉིད་སྲིད་དོན་ཚན་རིག་གི་ལམ་ལུགས་ཤིག་དང་།  ལྷག་པར་སྲིད་གཞུང་འཛིན་རྒྱུའི་གཞུང་ལུགས་ཤིག་ཡིན་སྟབས།  རྒྱ་ཆེའི་མང་ཚོགས་ནས་དེའི་ཐོག་གོ་རྟོགས་གང་ཙམ་དགོས་གལ། མང་གཙོ་ཞེས་པ་དེ་འོས་འཕེན་རྒྱུ་དང་། ཐོབ་ཐང་རྩོད་རྒྱུ། དུས་ཆེན་སྲུང་བརྩི་ཞུ་རྒྱུ་གཅིག་པུ་མིན་པར། མང་གཙོའི་གཞུང་ལུགས་ནང་འགན་དབང་གཉིས་ཡོད་པ་དང་། དེ་ཡང་ཁྲིམས་ལུགས་ཀྱི་ཐོག་ནས་ཕེབས་དགོས་པ་དང་།  ལྷག་པར་དུ་མང་གཙོའི་ནང་ལྟ་གྲུབ་དང་སྲིད་བྱུས་སྣ་ཚོགས་ཐོག་ནས་གཞུང་སྐྱོང་སྲོལ་ཡོད་ན། དེ་ཡང་གཙོ་བོ་གུ་ཡངས་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་སོགས་འཛམ་གླིང་རྒྱལ་ཁབ་ ༡༧༠ ལྷག་ཙམ་གྱིས་མང་གཙོའི་ལམ་ལུགས་ཐོག་ནས་གཞུང་སྐྱོང་བཞིན་ཡོད་ལུགས་སོགས་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་དང་། ཚོགས་བཅར་བ་མི་མང་ནས་དྲི་བ་གནང་བ་ཁག་ལ་དཔལ་ལྡན་ཚོགས་གཞོན་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༡༢ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་སྒང་ཏོག་ས་གནས་འགོ་འཛིན་གྱི་གོ་སྒྲིག་འོག་ས་གནས་སུ་ཡོད་པའི་དགོན་སྡེ་ཁག་ལ་གནས་གཟིགས་གནང་རྗེས། ཀ་སྦུག་ས་གནས་སུ་ཕེབས་ཐོན་གྱིས་ཉིན་རྒྱབ་ས་གནས་སུ་འབྱོར་འཕྲལ། ཀ་སྦུག་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་སྣེ་ཡོངས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་གནང་འདུག

ཕྱི་ཚེས་ ༡༣ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ལ་འཚམས་འདྲིར་ཆེད་བཅར་ཞུས་པ་དང་སྦྲགས། སྐུ་ངོ་མཆོག་གི་ཐུག་པ་བཟོ་གྲྭར་གཟིགས་བསྐོར་དང་།  ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ཀ་སྦུག་མི་མང་ཚོགས་ཁང་ནང་ས་གནས་མི་མང་རྣམས་ལ་གོང་བཞིན་ “མང་གཙོ་དང་ཆིག་སྒྲིལ་“ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། མི་མང་གིས་དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ཀ་སྦུག་ས་གནས་འགོ་འཛིན་ནས་ལས་རིམ་གོ་སྒྲིག་ཞུས་པ་བཞིན། ཀ་སྦུག་རྒས་གསོ་ཁང་ལ་གཟིགས་བསྐོར་ཕེབས་གནང་ཡོད་པ་དང་། དེ་བཞིན་ལས་རིམ་ལྟར། ཕྱི་ཚེས་ ༡༤ ཉིན་གྱྱི་སྔ་དྲོ་ཀ་སྦུག་ཁུལ་གྱི་དགོན་སྡེ་ཁག་ལ་གཟིགས་བསྐོར་ཕེབས་གནང་ཡོད་འདུག་པ་བཅས། །