དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྡ་སའི་ཉེ་འགྲམ་པ་ལམ་པུར་ (Palampur) ས་ཁུལ་དུ་རྟེན་གཞི་བྱས་པའི་ (CSIR-Institute of Himalayan Bioresource Technology) ཞེས་པའི་ཉམས་ཞིབ་བསྟི་གནས་ཁང་ནང་རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ (Shri. Giriraj Singh, Minister of State (I/C) for Micro, Small and Medium Enterprises) མཆོག་དང་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཁོང་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་ནང་རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་མུ་མཐུད་འཛིན་པར་བརྟེན་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་རང་ལུས་མེར་བསྲེགས་གནང་བའི་སྐོར། དེ་བཞིན་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་ཁག་ངོ་སྤྲོད་དང་། དམིགས་བསལ་བོད་ཀྱི་གསོ་བ་རིག་པའི་གལ་གནད་སོགས་ཀྱི་ཐོག་གསུངས་གནང་ཡོད།

ཕྱོགས་མཚུངས་སྐུ་ཞབས་ཁོང་གིས་དེ་རིང་པ་ལམ་པུར་དུ་ཕེབས་སྐབས་ལས་དོན་མང་བའི་རྐྱེན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་ཕེབས་མི་ཐུབ་པར་ཐུགས་ཕམ་དང་། འབྱུང་འགྱུར་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་དང་། སྐུའི་བླ་སྨན་ཟུར་པ་ཨེམ་ཆི་ཡེ་ཤེས་དོན་ལྡན་ལགས་མཇལ་འཕྲད་སླད་ཕེབས་རྒྱུའི་ཞལ་བཞེས་གནང་ཡོད་འདུག དེ་བཞིན་སྐུ་ཞབས་ཁོང་གིས་ད་བར་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཇི་ལྟར་གནང་གི་ཡོད་མེད་སྐོར་དང་། བྱེ་བྲག་ཏུ་ད་ལྟའི་རྒྱ་གར་སྲིད་བློན་མོ་དི་མཆོག་གིས་དབུ་འཁྲིད་པའི་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་གང་འདྲ་གནང་གི་ཡོད་མེད་སྐོར་སོགས་གསུངས་གནང་བ་མ་ཟད། འབྱུང་འགྱུར་བོད་ཀྱི་རྩ་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་གནང་འདུག

དེ་བཞིན་མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་བློན་ཆེན་སྐུ་ཞབས་ (Shri.Giriraj Singh) མཆོག་དང་། ཉམས་ཞིབ་བསྟི་གནས་ཁང་དེའི་འགན་འཛིན་སྐུ་ཞབས་ (Dr. Sanjay Kumar) ལགས་རྣམ་གཉིས་ལ་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་ཕུལ་གནང་ཡོད་པ་བཅས། །