དཔལ་ལྡན་ཚོགས་གཞོན་མཆོག་གི་ཡུ་པི་མངའ་སྡེའི་རྒྱལ་ས་ལག་ནོ་ Lucknow ནང་གི་ལས་རིམ་ཁག་ལེགས་པར་གྲུབ་པ།

༄༅། ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ལྕམ་སྐུ་ཀུ་སུམ་རའི་(Kusum Rai)གཟིམ་ཤག་ཏུ་བོད་དང་བོད་མིའི་གནད་དོན་ཐོག་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཡོད་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཆེད་ཕེབས་ཀྱིས་གསར་འགོད་པ་རྣམས་ལ་བོད་ཀྱི་གནད་དོན་ཐོག་འདས་པའི་བོད་ཀྱི་ལོ་རྒྱུས་དང་། ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས། འབྱུང་འགྱུར་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། ལྷག་པར་རྒྱ་གར་དང་བོད་གཉིས་དབར་གྱི་འབྲེལ་ལམ་བཅས་ཀྱི་ཐོག་འགྲེལ་བརྗོད་གནང་ཡོད་པ་དང་།

འདི་ཟླའི་ཚེས་ ༧ ཉིན་རྒྱབ་ལག་ནོ་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་ཞུས་པའི་ཚོགས་འདུ་དངོས་གཞིའི་ཐོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་བ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོར་ཡུ་པི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Shri Yogi Adityanath མཆོག་དང་། ཚོགས་འདུའི་གཙོ་སྐྱོང་མངའ་སྡེའི་སྲིད་སྐྱོང་ Shri Ram Naik མཆོག། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་། རྒྱ་གར་དབུས་ཀྱི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Shri Bhagat Singh Koshyari མཆོག།མཐོ་སློབ་ཁང་གི་ཉེ་བའི་རིགས་བདག་མཆོག དེ་བཞིན་མཐོ་རིམ་སློབ་གྲྭའི་དགེ་སློབ་དང་། མཁས་དབང་བཅས་མི་སྣ་ཁྱོན་ཉིས་སྟོང་ལྷག་འདུ་འཛོམས་གནང་ཡོད།

དེ་ཡང་ཚོགས་འདུའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་མགྲོན་གཙོ་བོ་མཆོག་གི་གཙོས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་འབྲེལ་རྒྱ་གར་རང་དབང་འཐབ་རྩོད་པའི་དགོངས་གཞི་དང་། བོད་ཀྱི་གནད་དོན་གཉིས་དང་འབྲེལ་བའི་ཐོག་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་གསུང་བཤད་གནང་མཁན་གཞན་ནས་ཀྱང་རྒྱ་ནག་དང་། ཉེ་འཁོོར་ཁྱིམ་མཚེས་རྒྱལ་ཁབ་ནས་རྒྱ་གར་ལ་ཉེན་ཁ་ཇི་ཡོད་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད།

ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཡུ་པི་མངའ་སྡེའི་འཕགས་བོད་འབྲེལ་མཐུད་ཚོགས་པ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ཀྱི་ལྷན་འཛོམས་ཤིག་དམིགས་བསལ་གོ་སྒྲིག་གནང་བར་དཔལ་ལྡན་ཚོགས་གཞོན་མཆོག་ཆེད་བཅར་གནང་ཡོད། དེའི་ནང་ཚོགས་བཅར་བ་མི་སྣ་ ༢༠༠ ལྷག་ཕེབས་ཡོད། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་བཅར་བ་ཡོངས་ལ་བོད་དོན་རྒྱབ་སྐྱོར་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་བོད་དང་རྒྱ་གར་དབར་འབྲེལ་ལམ་གཏིང་ཟབ་ཡོད་པའི་ལོ་རྒྱུས་བཅས་གསུངས་གནང་ཡོད་པའི་གནས་ཚུལ་དུ།།