དཔལ་ལྡན་ཚོགས་གཙོ་མཆོག་གིས་ <<བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད།>> ཅེས་པའི་ལོ་རྒྱུས་དཔེ་དེབ་དབུ་འབྱེད་གནང་བ།

དཔལ་ལྡན་ཚོགས་གཙོ་མཆོག་གིས་ <<བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད།>> ཅེས་པའི་ལོ་རྒྱུས་དཔེ་དེབ་དབུ་འབྱེད་གནང་བཞིན་པ།

༄༅།། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༣ པའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་རྩོམ་པ་པོ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་བརྩམས་གནང་པའི་<<བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད།>> ཅེས་པའི་ལོ་རྒྱུས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་སར་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཆེད་བཅར་གནང་ཡོད།

དཔལ་ལྡན་ཚོགས་གཙོ་མཆོག་གིས་གངས་སྐྱིད་དཔེ་མཛོད་ཁང་གི་ཚོགས་ཁང་དུ་སྣང་གསལ་མར་མེ་སྒྲོན་གནང་བཞིན་པ།

དེ་ཡང་མཛད་རིམ་ལྟར་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གངས་སྐྱིད་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཐོག་མར་སྣང་གསལ་མར་མེ་ཞལ་ཕྱེ་གནང་བ་དང་བསྟུན།  ཚོགས་བཅར་བ་རྣམས་ཀྱིས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར་རྗེས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་ཕོ་མོ་རྣམས་ཀྱི་ཞུམ་མེད་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ་སླད་གུས་བཀུར་ངག་བཅད་སྐར་མ་གཅིག་རིང་གནང་ཡོད།

དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བཞིན་པ།

དེ་ནས་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་ <<བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད།>> ཅེས་པའི་ལོ་རྒྱུས་དཔེ་དེབ་བྲིས་རྩོམ་གནང་བའི་རྒྱུད་རིམ་ངོ་སྤྲོད་གསུང་ཞུས་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན།

“དེ་རིང་དཔེ་དེབ་<<རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་>>ཅེས་པ་ཕྱོགས་བསྒྲིགས་གནང་མཁན་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་གཙོས་སྐུ་མགྲོན་རྣམ་པ་དང་གསར་འགོད་པ་རྣམ་པ་བཅས་ཚང་མར་དེ་རིང་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུ་སྟེ་ཚང་མར་མཛའ་ཞིང་བརྩེ་བའི་ངང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རང་ཉིད་ཀྱིས་མཐོང་སྣང་ལ་དེ་རིང་གི་ཕྱག་དེབ་རྩོམ་པ་པོ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ཁོང་བོད་ནང་བོད་དོན་ཆེད་ལས་འགུལ་བརྩམས་པ་དང་དེའི་རྐྱེན་པས་བཙོན་ཁང་ནང་བཞུགས་དགོས་བྱུང་བ་སོགས་ཁོང་གིས་ད་ལྟ་གསུངས་པ་ལྟར་རེད།  བཙན་བྱོལ་ལ་ཕེབས་རྗེས་སུའང་དེ་མུར་མ་བཞུགས་པར་མི་ཚེའི་བྱེད་སྒོའི་ཁྲོད་བོད་དོན་ཆེད་ལས་འགུལ་སྤེལ་རྒྱུ་དེ་དོན་གྱི་སྙིང་པོར་འཛིན་ནས་ཕེབས་བཞིན་ཡོད།  བསམ་བློའི་ནང་ཙམ་ཟད་དངོས་སུ་ལག་ལེན་ཐོག་ནས་ཀྱང་བོད་དོན་ཁོ་ནའི་དོན་དུ་ཆེ་བཞག་ཆུང་སྐྱུར་གནང་བཞུགས་མཁན་གང་ཟག་ཞིག་ལ་ངས་མཐོང་གི་འདུག

དེར་བརྟེན་དེ་རིང་གི་ཕྱག་དེབ་<<བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད།>>ཅེས་པ་འདི་ཉིད་ཁོང་གིས་ད་བར་བོད་དོན་སྐོར་བརྩམས་པའི་ཕྱག་དེབ་བཅོ་ལྔ་པ་དེ་ཆགས་ཡོད་ལ།  དེ་ལྟ་བུ་དེའང་སྒྲིག་འཛུགས་ཤིག་གམ་ཚོགས་པ་ཞིག་མ་ཡིན་པར་གང་ཟག་སྒེར་ཞིག་གི་སྐུ་ལས་བསྐྱོན་ནས་བསྒྲུབས་པ་ཞིག་ཡིན། ལྷག་པར་དུ་དེ་རིང་གི་ཕྱག་དེབ་ལ་མཚོན་པ་ཡིན་ན་གནད་དོན་ལྟ་བུ་ ༣༥ ཙམ་ནང་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མ་རེད་ལབ་པ་ཙམ་མིན་པར་དོན་དམ་སྒྲུབ་བྱེད་བཀོད་དེ་བོད་ལ་ཐུན་མིན་རྒྱལ་རྟགས་དང་རྒྱལ་དར་ཡོད་པ། རྒྱལ་གླུ་དང་བོད་དམག་ཟུར་དུ་ཡོད་པ་མ་ཟད།  སྦྲག་ཐམ་ཡོད་པ་སོགས་ལོ་རྒྱུས་དཔང་རྟགས་དང་བཅས་གསལ་པོར་བཀོད་འདུག  ལྷག་པར་གནའ་བའི་ཤུལ་རྫས་ཁག་གི་པར་རིས་དང་རྒྱལ་ཁབ་གཞན་དང་ལྷན་ཕྱི་འབྲེལ་སྲིད་བྱུས་རྒྱུན་སྐྱོང་གནང་སྐབས་ཆིངས་ཡིག་ཇི་ལྟར་བཞག་པའི་སྐོར། དེ་བཞིན་ཕྱི་སྲིད་ལས་ཁུངས་ནས་སྲིད་གཞུང་གཞན་དང་འབྲེལ་བ་གནང་སྐབས་གཞུང་འབྲེལ་ཡི་གེ་གང་དང་གང་ལ་བཏང་ཡོད་པ་སོགས་གནད་དོན་མང་པོ་ཞིག་སྐོར་ལོ་ངོ་གསུམ་རིང་ཁོང་གིས་སྐུ་ངལ་འཛེམས་མེད་ཀྱིས་དཔང་རྟགས་བསྡུ་རུབ་ཀྱི་ལས་དོན་ལ་འབད་འབུངས་ཕྱོགས་བསྒྲིགས་གནང་བ་རྣམས་དེབ་འདིའི་ནང་གསལ་པོར་བཀོད་འདུག

སྒྲིག་འཛུགས་གཅིག་ཡིན་ན་གནས་ཚུལ་ཐ་དད་རེད།  མི་སྒེར་གཅིག་གིས་ལས་དོན་འདི་ལྟར་སྤེལ་རྒྱུ་ཟེར་བ་ཧ་ཅང་དཀའ་ངལ་ཆེན་པོ་ཞིག་རེད།  འདི་ལྟ་བུའི་ཆོད་སེམས་ལ་ངས་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན།

དེབ་འདིར་གཞི་བཅོལ་ནས་མ་འོངས་བོད་མི་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་དྲི་བ་དྲིས་ལན་ཡོད་པའི་དེབ་ཆུང་རིགས་བཟོ་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག  མཐའ་དོན་དེབ་འདི་པར་སྐྲུན་གནང་རྒྱུར་མཐུན་འགྱུར་གནང་མཁན་སྦྱིན་བདག་སུ་ཡིན་རུང་ཁོང་རྣམས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

དེབ་འདིར་ནང་དོན་ཆ་ཚང་ཞིང་གནད་དོན་གཏིང་ཟབ་པར་བརྟེན་ཐུགས་སྣང་གནང་བ་ཡིན་ན་ཕན་ཐོགས་ཧ་ཅང་ཡོང་ངེས།  སྤྱིར་ཆབ་སྲིད་བཙོན་ཟུར་ཁོང་གིས་ད་བར་སྐུ་ངལ་ཧ་ཅང་སྐྱོན་པ་ང་ཚོས་མིག་མཐོང་ལག་ཟིན་ཡིན་པ་བརྗོད་མི་དགོས་པ་ཞིག་རེད།  མ་འོངས་པར་ཡང་ཇི་སྲིད་འཚོ་བའི་རིང་དེར་བོད་དོན་སླད་མུ་མཐུད་འཐབ་རྩོད་རྒྱུན་སྐྱོང་གནང་རྒྱུར་ཡིད་ཆེས་དང་རེ་བ་ཡོད།” ཅེས་གསུངས།  མཛད་སྒོའི་མཐར་རྩོམ་པ་པོ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁེའི་ངང་གྲུབ་པ་བཅས།།

དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བཞིན་པ།