དཔལ་ལྡན་ཚོགས་གཙོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དཔལ་ལྡན་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ། ཟླ་བ་དྲུག་གི་རྗེས་སུ་ཚང་མ་སྐུ་གཟུགས་གསལ་ཐང་ངང་ལྷན་འཛོམས་ཀྱི་སྤྱི་པའི་ལས་དོན་ཐོག་ལ་བཞུགས་ཐུབ་པ་འདི་ལ་ཚོགས་གཙོ་སྦྲེལ་པོ་གཉིས་ཀྱི་ངོས་ནས་དགའ་བསུ་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། དེ་རིང་ནས་བཟུང་སྟེ་ཕྱི་ཚེས་ ༢༨ བར་ལས་ཉིན་བཅུ་རིང་ང་ཚོ་འཚོགས་རྒྱུའི་གཏན་འབེབས་གནང་ཡོད། རྩ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་གསུམ་པའི་ནང་། སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་ལམ་སྟོན་ནང་གསལ་བ་བཞིན། བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བའི་སྤྱི་ཚོགས་བདེ་ཐབས། བོད་མིའི་སྒྲིག་འཛུགས་ཀྱི་བསྒྲུབ་བྱའི་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་བྱུས་ཡང་དག་ལ་འབད་བརྩོན་བྱ་རྒྱུ་དང་། བོད་མཐོ་སྒང་གི་ས་བབ་ཀྱི་ཐོག་ནས་བོད་ཀྱི་ཁོར་ཡུག་ནི་འཛམ་གླིང་སྤྱི་དང་ཁྱད་པར་དུ་ཨེ་ཤེ་ཡའི་གླིང་ཆེན་གྱི་རྒྱལ་ཁབ་དང་ཡུལ་མི་མང་དག་ཅིག་ལ་གལ་འགངས་ཤིན་ཏུ་ཆེ་བས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་བོད་མིའི་སྒྲིག་འཛུགས་དང་། བོད་མི་ཚང་མས་རྒྱལ་སྤྱིའི་ནང་ལས་འགུལ་ཇེ་མང་སྤེལ་ཐབས་དང་གནས་སྐབས་སུའང་གཞིས་ལུས་བོད་མི་རྣམས་དཀའ་ཉེན་ལས་སྐྱོབ་ཐབས་བྱ་རྒྱུ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དྲང་བདེན་དང་། འདྲ་མཉམ། དཔལ་འབྱོར་ཐོན་སྐྱེད་སྤྱི་སྨན་ཡོང་བའི་འགྲོ་ལུགས་བཅས་ཀྱི་སྤྱི་ཚོགས་བདེ་དོན་གྱི་སྲིད་བྱུས་ཡང་དག་སྐྱོང་དགོས་པ་དང་། ཁྱད་པར་གཞོན་སྐྱེས་རྣམས་ལ་ཤེས་ཡོན་དང་། གནའ་བོའི་རིག་གཞུང་བཟང་པོའི་གོམས་གཤིས་འཇགས་རྒྱུ་བཅས་ཀྱི་གོ་སྐབས་ཚད་ལྡན་སྤྲོད་ཐབས་དང་། ལུས་སེམས་བདེ་ཐང་དུ་འཚར་ལོངས་ཡོང་བའི་འཕྲོད་བསྟེན་གྱི་མཐུན་རྐྱེན་སྒྲུབ་ཐབས་བྱ་རྒྱུ་ཁ་གསལ་བཀོད་ཡོད།

ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་བརྩམས་པ་ཡིན་ནའང་། གོང་གསལ་གྱི་དོན་གནད་རྣམས་དང་འབྲེལ་བ་ཡོད་པ་ཞིག་དང་། དམིགས་བསལ་གྱི་ལས་དོན་དེ་དག་ལ་ནུས་པ་འབུར་དུ་ཐོན་པ་གནང་ཐུབ་དགོས་རྒྱུ་དེའང་ང་ཚོའི་ལས་འགན་གལ་གནད་ཆེ་བ་ཞིག་ཆགས་ཡོད། ང་ཚོ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཟེར་ནའང་མི་འདུག གྲོས་ཚོགས་ཀྱི་འགྲོ་ལུགས་ནང་ལ་ཆབ་སྲིད་ཚོགས་པ་མེད་པའི་གྲོས་ཚོགས་ཀྱི་འགྲོ་ལུགས་བསྡད་ཆགས་ཡོད་པ་རེད། དེ་ཡིན་དུས་དེའི་ཐོག་ནས་བསྒྲུབ་ཕྱོགས་ཀྱི་ལས་འགན་གལ་ཆེ་བ་གཉིས་ཆགས་ཡོད། དང་པོ། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐོག་ལ་རྣམ་དཔྱོད་དང་ལྡན་པའི་ཐོག་ནས་རྒྱབ་སྐྱོར་ཞུ་ཐུབ་དགོས་རྒྱུ། གཉིས་པ། འཛིན་སྐྱོང་ལས་དོན་བྱེད་ཕྱོགས་ཐོག་ལ་བྱ་ར་སྟངས་འཛིན་དང་དྲི་བ་ཞུ་ཐུབ་དགོས་རྒྱུ། འཛིན་སྐྱོང་གི་ཐོག་ནས་ཡིན་ནའང་འགན་ཁུར་ལན་འདེབས་ལ་སྐུལ་ལྕགས་ཞུ་དགོས་རྒྱུ་དེ་ང་ཚོར་འགྲོ་སྟངས་དམིགས་བསལ་བ་ཞིག་ཆགས་ཡོད་པ་རེད། གྲོས་ཚོགས་ཀྱི་འཐུས་མི་ཚང་མས་གྲོས་ཚོགས་ཀྱི་རྣམ་དཔྱོད་ནུས་པ་འབུར་དུ་ཐོན་ཐུབ་པ་གནང་དགོས་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཆགས་འདུག གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། ཐུགས་བསྐྱེད་འཛམ་གླིང་གོ་ལ་ཧྲིལ་པོར་ཁྱབ་ཡོད་པ་མ་ཟད་ཤེས་ལྡན་གྱི་སྐྱེ་བོ་འབུམ་ཕྲག་མང་པོས་རྗེས་སུ་འཇུག་བཞིན་པ་དང་དང་དེ་བཞིན་༸མགོན་པོ་ཁོང་གི་མཛད་པ་འཕྲིན་ལས་ལ་ཡིད་སྨོན་ཞུ་རྒྱུ། ལྷག་པར་དུ་བོད་དང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གི་ཐོག་ལ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱི་ཐོག་ནས། དམིགས་བསལ་གྱི་གཟིགས་སྐྱོང་དང་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་ཆགས་བསྡད་ཡོད། འདི་ཚོའི་གྲས་ང་རང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བསོད་ནམས་ཤིག་དང་ཁོང་གི་བཀའ་དྲིན་དེ་དུས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ལ་ང་ཚོས་ངོས་འཛིན་ཞུ་དགོས་པ་ཞིག་ཆགས་ཡོད། གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་ག་རེ་གནང་བ་ཡིན་ནའང་། གཙོ་བོ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཚོགས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་གི་འགན་འཁུར་བཞེས་དགོས་རྒྱུ་དང་མགོན་པོ་ཁོང་གི་དགོངས་བཞེས་དེ་དག་བསྒྲུབ་ཐུབ་པ་བྱ་རྒྱུ་དེ་ཡང་ལས་འགན་གལ་ཆེ་བ་ཞིག་ཆགས་ཀྱི་འདུག

 ང་ཚོ་གཞུང་མང་གཉིས་ཀྱི་ལས་དོན་ཅི་འདྲ་ཞིག་ཡིན་རུང་ཕྱར་གྲུ་མཉམ་འདེགས་ཞུ་ཐུབ་དགོས་རྒྱུ་དང་། གྲོས་ཚོགས་ཀྱི་སྡིངས་ཆ་འདིའི་ཐོག་ནས་ནུས་པ་མཉམ་སྤུངས་བྱ་ཐུབ་རྒྱུར་ནུས་པ་དམིགས་བསལ་བཏོན་ཐུབ་དགོས་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཆགས་འདུག་ཟེར་ནས་ཞུ་འདོད་བྱུང་།

དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་རེད། རྩ་བའི་བོད་མིའི་མང་གཙོ་དུས་དྲན་ཐེངས་ ༥༨ པའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་ནང་གི་བོད་མིའི་གནས་སྟངས་རེད། རྒྱ་ནག་གི་བོད་ནང་གི་ཆབ་སྲིད་ཀྱི་སྲིད་བྱུས་འཛིན་སྟངས་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་གྱི་གནས་ཚད་རེད། འདི་ཚོ་ཡིན་ནའང་ང་ཚོས་ཡོངས་ཁྱབ་ཀྱི་གསུང་འཕྲིན་སྤེལ་ཡོད་པ་རེད། གང་ལ་གང་འཚམ་ཞིག་འདིའི་ནང་ཁ་གསལ་པོ་ཆགས་ཀྱི་ཡོད་པ་རེད། དེ་དང་གཤམ་དུ་ད་རེས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་གྲོས་ཚོགས་ནང་བསྣམས་ཕེབས་ཀྱི་ཡོད་པ་རེད། འདིའི་ཐོག་ནས་བོད་ནང་གི་བོད་མིའི་ཛ་དྲག་གི་གནས་སྟངས་རེད། དེ་བཞིན་རྒྱ་ནག་གིས་བོད་ནང་ལ་འཛིན་པའི་ཆབ་སྲིད་ཀྱི་གནས་སྟངས་རེད། རྒྱལ་སྤྱིའི་ཐོག་ནས་བོད་དོན་གྱི་གནས་སྟངས་ཐོག་ལ་རྒྱབ་སྐྱོར་ཁ་གསལ་པོའི་ཐོག་བཀོད་ཡོད་པ་རེད། འདི་ཚོའི་ཐོག་ལ་དམིགས་བསལ་གྱི་བགྲོ་གླེང་ཡོང་རྒྱུ་ཆགས་ཡོད་སྟབས་ངའི་ངོས་ནས་ཞིབ་ཕྲ་ཞུ་རྒྱུའི་འབད་བརྩོན་བྱེད་ཀྱི་མིན།

སྤྱི་ཡོངས་ཀྱི་ཐོག་ནས་མདོར་བསྡུས་ནས་ཞུས་པ་ཡིན་ན། རྒྱ་ནག་གིས་བོད་ཐོག་ལ་འཛིན་པའི་སྲིད་བྱུས་ཟེར་ནའང་རེད། འགྲོ་སྟངས་གཙོ་བོ་དེ་རྒྱ་ནག་གཞུང་གིས་བོད་ནང་ལོགས་ལ་འཛུགས་བསྐྲུན་གྱི་ལས་གཞི་མང་པོ་གཏིང་རྒྱུ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ལོགས་ལ་ཆབ་སྲིད་ཀྱི་བསམ་བློ་སྤེལ་རྒྱུ། འདི་གཉིས་ཀྱི་ཐོག་ནས་ང་ཚོའི་བོད་དང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དེ་དག་གཞི་འཛིན་ས་མེད་པ་བཟོ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་འདུག ཡིན་ནའང་བོད་ནང་གི་བོད་མི་རྣམས་ཀྱི་ལྷག་བསམ། སྙིང་སྟོབས། སེམས་ཤུགས་ཞུམ་པ་མེད་པའི་ཐོག་ནས་ཕྱོགས་གཅིག་ནས་སོ་སོ་བོད་མི་རིགས་ཀྱི་སྐད་ཡིག རིག་གཞུང་། ཐུན་མིན་གོམས་གཤིས་དེ་དག་རྒྱུན་འཛིན་དང་མི་ཉམས་གོང་འཕེལ་ཞུ་རྒྱུ། ཕྱོགས་གཞན་གཅིག་ནས་རྒྱ་ནག་གཞུང་གི་བོད་ཐོག་ལ་སྲིད་བྱུས་འཛིན་བཞིན་པ་དེ་དག་ལ་འདོད་པ་མེད་པའི་རྣམ་འགྱུར་གྱི་ཐོག་ནས་ཕྱི་ལོ་ ༡༩༨༦ ཡས་མས་ནས་ཕྱི་ལོ་ ༢༠༠༨ རེད། ལྷག་པར་དུ་ ༢༠༠༩ ནས་ད་ལྟ་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ བར་དུ་ང་ཚོ་དངོས་སུ་ཤེས་རྟོགས་ར་འཕྲོད་བྱུང་བ་བོད་མི་གྲངས་ ༡༥༢ ཀྱི་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད། གཞན་ཡང་རྒྱ་ནག་གཞུང་གི་ཁོང་རྣམ་པའི་མངོན་འདོད་གཞིར་བཟུང་བྱས་ཏེ་ཞིབ་འཇུག་དང་ཚུལ་མཐུན་གྱི་ཡ་ལན་རིགས་ད་ལྟ་བར་དུ་གང་ཡང་སྤྲད་ཡོད་པ་མ་རེད། མ་སྤྲད་པ་མ་ཟད་ད་དུང་འདི་ལས་ལྡོག་སྟེ་ཁོང་རྣམ་པའི་བློས་གཏོང་དེ་དག་ལ་གཞི་མེད་སྒྲོ་སྐུར་ཞུ་རྒྱུ་དང་། ཁག་དཀྲི་གནང་རྒྱུ་ལ་སོགས་པའི་ཐོག་ནས་བོད་ནང་གི་བོད་མི་རེད། རྒྱ་ནག་ནང་གི་རྒྱ་མི་རིགས་དང་རྒྱལ་སྤྱིའི་གནས་བབ་ཀྱི་ཐོག་ལ་ཁ་ཕྱོགས་བསྒྱུར་རྒྱུའི་ཐབས་ཤེས་འབད་བརྩོན་བྱེད་བསྡད་ཀྱི་ཡོད་པ་གསལ་པོ་རེད།

གཞན་ཡང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ཆོས་དད་རང་དབང་གི་གནས་སྟངས། ཆབ་སྲིད་བཙོན་པའི་གནས་སྟངས། སྐད་ཡིག་གི་གནས་སྟངས། ཁོར་ཡུག་གི་གནས་སྟངས་འདི་ཚོའི་ཐོག་ལ་ཞིབ་འཇུག་བྱས་ཏེ་གཟིགས་པ་ཡིན་ན། ཉིན་རེ་ཉིན་རེར་ཇེ་སྡུག་ཏུ་འགྲོ་བ་དང་སེམས་འཚབ་ཆེ་རུ་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཀྱི་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་ཉེ་ཆར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དང་། གཞན་ཡང་ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོ་བཅས་ཀྱི་ནང་ལ་བོད་ནང་ལ་ཆོས་དད་རང་དབང་མེད་པ་ཁ་གསལ་པོའི་ཐོག་བཀོད་ཡོད་པ་རེད། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལྟ་བུར་ཆ་མཚོན་པ་ཡིན་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་རིམ་པའི་ནང་ལ་རྒྱ་ནག་ནང་དང་ལྷག་པར་བོད་དང་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ཐོག་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་པའི་གླེང་སློང་ཤུགས་ཆེན་པོ་གནང་ཡོད་པ་ཞུ་རྒྱུ་གཅིག་དང་། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ António Guterres,རང་གི་ཐོག་ནས་རྒྱ་ནག་ནང་ལོགས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཞན་པོ་ཡིན་པའི་སྐོར་སྙན་ཐོའི་ནང་ཁ་གསལ་པོའི་ཐོག་བརྗོད་ཡོད་པ་རེད།

སྤྱི་ཡོངས་ཀྱི་ཐོག་ནས་རྒྱ་གཞུང་གི་བོད་ནང་གི་གནས་སྟངས་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཀྱི་ཐོག་ནས་རེད། བོད་དོན་གྱི་ཐོག་ལ་བསྐྱར་ཞིབ་ཚད་ལྡན་ཞིག་གནང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་གྲོས་མོལ་དོན་དང་ལྡན་པ་ཞིག་ཡོང་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་འདུག་ཅེས་ད་རེས་དེ་ནས་བསྐྱར་དུ་འབོད་སྐུལ་ཞུ་རྒྱུའི་འདོད་པ་བྱུང་།

དེ་བཞིན་ང་ཚོ་བཙན་བྱོལ་ནང་ལ་བཙན་བྱོལ་སྒྲིག་འཛུགས་ཀྱི་ཐོག་ནས། འདས་པའི་ཟླ་བ་དྲུག་གི་ནང་ལོགས་ལ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི། ཡོ་རོབ་མཐུན་ཚོགས་དང་། ཡོ་རོབ་རྒྱལ་ཁབ་ཁག་གི་གྲོས་ཚོགས་ཀྱི་འཐུས་མི། ཨོ་སི་ཊོ་ལི་ཡ་གྲོས་ཚོགས་ཀྱི་འཐུས་མི། རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི། གཞན་ཡང་གནད་ཡོད་མི་སྣ་མང་པོ་ཞིག་རྡ་རམ་ས་ལར་ཕེབས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུ། གཞན་ཡང་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་གྲོས་ཚོགས་སུ་ཆེད་ཕེབས་གནང་རྒྱུ། རྡ་རམ་ས་ལར་སྣེ་ལེན་གྱི་ཐོག་ནས་བོད་པའི་སློབ་གྲྭ་ཁག་ལ་གཟིགས་སྐོར་གནང་སྟེ། གང་ལྟར་བོད་མིའི་མང་གཙོའི་ལམ་ལུགས་དང་། ཆོས་དང་སྐད་ཡིག རིག་གཞུང་དེ་དག་རྒྱུན་འཛིན་གནང་རྒྱུར་དམིགས་བསལ་གྱི་བསྔགས་བརྗོད་གནང་གི་འདུག འདིའི་ཐོག་ནས་ཡིན་ནའང་ང་རང་ཚོར་སེམས་ཤུགས་འཕར་མ་ལྟ་བུ་ཞིག་ཡོང་ཐུབ་རྒྱུར་གོ་སྐབས་ཏན་ཏན་བྱུང་སོང་ཟེར་ནས་ཞུ་རྒྱུ་དང་།

 གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གི་དབུས་པའི་བཀའ་བློན་རྣམ་པའི་ཐོག་ནས་འཛིན་སྐྱོང་གི་ལས་དོན་རེད། བོད་ཀྱི་རྩ་དོན་ཐོག་ལ་ཕྱག་ལས་ཧུར་ཐག་གནང་གི་འདུག འདི་ཚོ་ལ་ཡིན་ནའང་བསྔགས་བརྗོད་ཞུ་རྒྱུ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཡིན་ནའང་རྒྱ་གར་དང་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མི་མཉམ་དུ་འབྲེལ་ལམ་ཞུ་རྒྱུ་དང་། ཕན་ཚུན་སྐུ་ཚབ་ཕེབས་རེས་གནང་རྒྱུ། སྤྱི་འཐུས་རྣམ་པ་ཡིན་ནའང་གཞུང་འབྲེལ་གྱི་ལས་དོན་རེད། སྤྱི་འཐུས་སྒེར་སོ་སོའི་ངོས་ནས་ཡིན་ནའང་བོད་སྤྱི་པའི་ལས་དོན་གྱི་ཐོག་ལ་དགོངས་པ་བཞེས་ཏེ་ཕྱག་ལས་གང་ལ་གང་འཚམ་ཞིག་གནང་སོང་། འདིའི་ཐོག་ལ་ཡིན་ནའང་ཚོགས་གཙོ་སྦྲེལ་པོའི་ངོས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། འདི་འདྲའི་ཐོག་ནས་བོད་ནང་གི་བོད་མིའི་གནས་སྟངས་ཐོག་ལ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཀྱི་ཐོག་ནས་ང་ཚོར་རྒྱབ་སྐྱོར་ཡོང་ཐུབ་རྒྱུར་འབད་བརྩོན་ཞུ་ཐུབ་དགོས་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་འདུག

དེ་ནས་གྲོས་ཚོགས་དེ་ཚར་བའི་རྗེས་ལ་ད་ལྟ་ལས་རིམ་འགྲོ་བཞིན་པ་ཞིག་ཆགས་ཀྱི་ཡོད་པ་རེད། གྲོས་ཚོགས་ཀྱི་འཐུས་མི་རྣམ་པའི་ཐོག་ནས་རྒྱ་གར་གྱི་མངའ་སྡེའི་ནང་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་དང་། དབུས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་དོན་ཞུ་བསྐུལ་གནང་རྒྱུ། དེ་བཞིན་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་ལ་གྲོས་ཚོགས་ཀྱི་སྐུ་ཚབ་ཕེབས་ཐུབ་རྒྱུར་ད་ལྟ་ལས་རིམ་འགྲོ་བཞིན་པ་ཡིན་ཟེར་ནས་ཞུ་རྒྱུ་ཡིན།

 སྐབས་བཅུ་དྲུག་པའི་སྤྱི་འཐུས་རྣམ་པ་རྒྱ་བལ་འབྲུག་གསུམ་ནང་ལོགས་ལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ད་ལྟ་འགྲོ་དང་འགྲོ་བཞིན་པ་ཆགས་བསྡད་ཡོད། ས་གནས་ལ་ཕེབས་པའི་སྐབས་སུ་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནས་བབ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན། གྲོས་ཚོགས་ཀྱི་ལས་རིམ་དེ་དག་ངོ་སྤྲོད་ཞུ་རྒྱུ། གཞན་ཡང་གཞིས་ཆགས་ཁག་གི་བོད་མིའི་གནས་སྟངས་ལ་ཞིབ་གཟིགས་གནང་རྒྱུ། ལྷག་པར་དུ་ཤེས་ཡོན། འཕྲོད་བསྟེན། ཉམ་ཐག་གི་གནས་སྟངས་འདི་ཚོའི་ཐོག་ལ་གཟིགས་ཞིབ་གནང་སྟེ་སྙན་ཐོ་ཕེབས་བསྡད་ཡོད། སྙན་ཐོ་ཕེབས་པ་གཞིར་བཟུང་གི་སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་ལ་འགན་དབང་བསྐུར་ནས་དེའི་ཐོག་ནས་དབྱེ་གསེས་བྱས་ཏེ་འབྲེལ་ཡོད་ལྷན་ཁང་སོ་སོ་ལ་ཕར་ཕུལ་རྒྱུ། འབྲེལ་ཡོད་ལྷན་ཁང་སོ་སོའི་ཐོག་ནས་འདི་ལ་བསྐྱར་ཞིབ་བྱས་ཏེ་མཇུག་སྐྱོང་དང་ལན་འདེབས་གསལ་བཤད་དེ་དག་གང་ལ་གང་འཚམ་ཚུར་སླེབས་བསྡད་ཡོད་པ་རེད། དེ་ཡིན་དུས་ཁུངས་སོ་སོ་ལའང་ཕར་བཏང་ཡོད། དེ་རིང་ང་ཚོ་ལས་བསྡོམས་ཀྱི་གྲོས་ཚོགས་འདིའི་ཐོག་ནས་ཁ་གསལ་པོ་དང་དོགས་འདྲི་ཞུ་དགོས་པ་རིགས་ཆགས་ཀྱི་འདུག་ན། ད་རེས་འདིའི་ཐོག་ནས་བགྲོ་གླེང་དང་གླེང་སློང་ཞུ་ཆོག་གི་རེད་ཟེར་ནས་ཞུ་རྒྱུ་ཡིན།

དེ་བཞིན་ང་ཚོ་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་གཙོ་བོ་ང་ཚོ་ཐ་སྙད་འདྲ་བོ་དེ་སྤྱིར་བཏང་གི་གྲོས་ཚོགས་ཟེར་ནས་ཐ་སྙད་སྤྱོད་ཀྱི་འདུག རིགས་གཅིག་གི་ང་ཚོ་ལས་བསྡོམས་ཀྱི་གྲོས་ཚོགས་ཟེར་ནས་ཐ་སྙད་སྨོས་མཁན་ཡང་ཡོད་པ་རེད། གང་ལྟར་ང་ཚོ་གྲོས་ཚོགས་ཀྱི་ལས་ཉིན་མང་བ་དེ་འཛིན་སྐྱོང་ལྷན་ཁང་ཁག་གི་ལས་བསྡོམས་ཐོག་ལ་བསྐྱར་ཞིབ་དང་དགོངས་ཚུལ་ཕུལ་རྒྱུ། འདྲི་བ་གནང་རྒྱུ་དེ་ཆགས་ཡོད་པ་རེད། གཞན་ཡང་ད་རེས་གྲོས་ཚོགས་འདིའི་ཐོག་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གསུམ་ཡོད། དང་པོ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་འཕྱོངས་རྒྱས་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་ཉེ་ཆར་སྐུ་ཚེའི་འཕེན་པ་རྫོགས་པ་རེད། ཁོང་ལྟ་བུ་ཡིན་ན་བོད་ནང་རེད། བཙན་བྱོལ་གྱི་སྤྱི་ཚོགས་སྐབས་དེའི་བོད་གཞུང་གི་ལས་དོན་སྣ་མང་གི་ཐོག་ལ་འགན་འཁུར་ལྷག་བསམ་རྣམ་དག་གི་ཐོག་ནས་ཞུས་འདུག དེ་ཡིན་དུས་ང་ཚོ་ཁོང་གི་མཛད་རྗེས་དེ་དག་ལ་བསྔགས་བརྗོད་དང་། ཉེ་འབྲེལ་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ། གཉིས་པ། རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨ་ཌལ་བྷི་ཧཱ་རི་བྷ་ཇི་པ་ཡེ་མཆོག་དང་།

 ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་མེ་ཁེན་ཁོང་རྣམ་པ་གཉིས་ལ་ང་ཚོ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ཁུར་ཡོད། རྒྱ་གར་གྱི་སྲིད་བློན་ཟུར་པ་ལྟ་བུར་ཆ་མཚོན་པ་ཡིན་ན། ཕྱི་ལོ་ ༡༩༥༠ ཙམ་ནས་བོད་ཀྱི་ཐོག་ལ་རྒྱ་གར་གྱི་གྲོས་ཚོགས་ནང་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་རྒྱུ། ལྷག་པར་དུ་ཕྱི་ལོ་ ༡༩༥༩ ནང་ལ་རྒྱ་ནག་གཞུང་གི་བོད་བཙན་བཟུང་བྱས་པའི་རྗེས་སུ་གྲོས་ཚོགས་ནང་ལོགས་ལ་རྒྱ་གར་གཞུང་གི་ཐོག་ནས་བོད་ཀྱི་གནས་སྟངས་ཐོག་ལ་སེམས་འཁུར་གནང་དགོས་རྒྱུ། གཞན་ཡང་བོད་པ་བཙན་བྱོལ་ལ་གྱར་བའི་དུས་ཚོད་ལ་ཡིན་ནའང་རྒྱ་གར་གཞུང་གི་ཐོག་ནས་བོད་པའི་བཙན་བྱོལ་གྱི་གནས་སྟངས་ཐོག་ལ་མཐུན་འགྱུར་རོགས་མགོན་དམིགས་བསལ་གནང་དགོས་རྒྱུའི་ཐོག་ལ་གྲོས་ཚོགས་ཕྱི་ནང་གཉིས་ལ་གསུང་བཤད་མང་པོ་གནང་འདུག སྤྱི་ཡོངས་ཀྱི་རྒྱ་གར་རྒྱལ་ཁབ་ཀྱི་ཐོག་ནས་མི་སྣ་གལ་ཆེན་གཅིག་དང་ལྷག་པར་དུ་བོད་དོན་དང་འབྲེལ་བའི་ཐོག་ནས་ང་ཚོར་བློས་ཐུབ་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཆགས་བསྡད་ཡོད་པ་རེད། དེ་བཞིན་སྐུ་ཞབས་ཇོན་མེ་ཁེན་ལྟ་བུ་ཡིན་ན། སྤྱིར་བཏང་གི་ཨ་རིའི་གཞུང་མང་གཉིས་ཀྱི་ཐོག་ལ་དམིགས་བསལ་གྱི་ཞབས་འདེགས་ཞུ་མཁན་གྱི་རླབས་ཆེན་གྱི་མི་སྣ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད། ང་ཚོ་བོད་དང་འབྲེལ་བའི་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེ་མཆོག་དང་སྔ་རྗེས་ཀྱི་མཇལ་ཁ་གནང་རྒྱུ་དང་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་གནང་རྒྱུ། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ་སྐུ་ཞབས་ཇོན་མེ་ཁེན་རང་གི་ཐོག་ནས་བོད་ནང་གི་གནས་སྟངས་དེ་ས་བྱི་ཞི་རྒོལ་ཆེན་མོའི་བྱུང་རྐྱེན་དེ་ག་རེ་ཡིན་མིན་སྐོར་ཞིབ་འཇུག་གནང་དགོས་རྒྱུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་དབར་དོན་དམ་པའི་འབྲེལ་ལམ་གནང་དགོས་རྒྱུའི་ཐོག་ལ་གསུང་བཤད་དམིགས་བསལ་གྱི་ནུས་པ་ཐོན་པ་འགའ་གནང་ཡོད་པ་རེད། ད་རེས་འདིའི་ཐོག་ནས་ཁོང་རྣམ་པ་གཉིས་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ནང་མི་དང་འབྲེལ་ཡོད་བཅས་ལ་གདུང་སེམས་མཉམ་སྐྱེད་ཀྱི་སྒོ་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་བསྣམས་ཕེབས་པ་ཡིན་ཟེར་ནས་ཞུ་འདོད་བྱུང་།

གཞན་ཡང་ང་ཚོ་གྲོས་ཚོགས་ཀྱི་ལས་རིམ་གལ་ཆེ་བ་གཅིག གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་ཆགས་ཀྱི་ཡོད་པ་རེད། དེའི་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་རེད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་རྒྱ་ནག་གི་སྲིད་བྱུས་ཀྱི་ཐོག་ནས་ད་ལྟའི་གནས་སྟངས་བོད་ནང་ལ་གང་འདྲ་འགྲོ་ཡི་འདུག དེའི་ཐོག་ལ་ང་རང་ཚོའི་ངོས་ནས་གྲོས་ཆོད་གཞིར་བཟུང་གི་ཐོག་ནས་གནང་ཕྱོགས་ག་རེ་འདུག འདི་འདྲའི་ཐོག་ལ་དགོངས་པ་བཞེས་པའི་ཐོག་ནས་ང་ཚོ་ལས་རིམ་དེ་གལ་ཆེན་པོ་ཞིག་བརྩི་ཡི་ཡོད་པ་རེད། དེ་ཡིན་དུས་བཀུར་འོས་སྤྱི་འཐུས་རྣམ་པའི་ཐོག་ནས་ཡིན་ནའང་རེད། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ཡིན་ནའང་ཆ་ཤས་བཞེས་པའི་རེ་བ་ཞུ་ཡི་ཡོད། མཚམས་རེ་ང་ཚོ་ཆ་ཤས་བཞེས་ཡོང་སྐབས་གྲོས་ཆོད་ཀྱི་ངོ་གདོང་དང་སྔོན་གླེང་གི་ངོ་གདོང་དང་མ་མཐུན་པའི་ཐོག་ནས་སྒེར་སོ་སོའི་ཚོར་བ་ཐོག་ནས་མཚམས་རེ་ཁ་ཕྱོགས་བསྒྱུར་རྒྱུའི་གནས་སྟངས་འདི་འདྲ་ཆགས་ཡོང་གི་འདུག དེ་ཡིན་དུས་འདི་ཚོའི་གྲས་དགོངས་པ་རྒྱ་ཆེ་ས་ནས་བཞེས་ཏེ་གྲོས་ཆོད་ཀྱི་སྔོན་གླེང་དང་གྲོས་ཆོད་གཞིར་བཟུང་གི་ཐོག་ནས་དགོངས་ཚུལ་དང་བསམ་ཚུལ་སྤུངས་ཐུབ་པ་བྱ་དགོས་རྒྱུ་དེ་གལ་འགངས་ཆེན་པོ་འདུག་ཟེར་ནས་ཞུ་རྒྱུ་ཡིན། དེ་བཞིན་ད་གིན་གོང་དུ་ཞུས་པ་ལྟར། བཀའ་བློན་ལྷན་ཁང་གི་ཁག་གི་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ཕྱི་ལོ་ ༢༠༡༧༌༌༌༢༠༡༨ ཀྱི་ལས་བསྡོམས་ཆགས་བསྡད་ཡོད་པ་རེད། ལས་བསྡོམས་རྒྱས་པ་ཉེ་སྔོན་ནས་སྤྱི་འཐུས་རྒྱུན་ལས་ལ་ཕུལ་སྟེ། སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་སྡེ་ཚན་གསུམ་ལ་ཆ་བགོས་བྱས་ཏེ་གཟིགས་ཞིབ་གནང་། འདིའི་ཐོག་ནས་སྙན་ཐོ་གྲོས་ཚོགས་འདིའི་ནང་ལ་ཕེབས་ཀྱི་ཡོད་པ་རེད། དེ་དང་མཉམ་འབྲེལ་ཡོད་བཀའ་བློན་སོ་སོའི་ཐོག་ནས་ལས་བསྡོམས་སྙིང་བསྡུས་ཐད་ཀར་གྲོས་ཚོགས་འདིའི་ཐོག་ལ་སྙན་སྒྲོན་ཞུས་ཏེ་ཕེབས་གནང་གི་ཡོད་པ་རེད། འདིའི་ཐོག་ལ་དོགས་འདྲི་དང་དགོངས་ཚུལ་ཕུལ་རྒྱུ། འཛིན་སྐྱོང་གི་ཐོག་ནས་ཡིན་ནའང་གསལ་བཤད་ལན་འདེབས་གནང་དགོས་རྒྱུ། འདི་ཚོ་ང་ཚོའི་ལས་རིམ་གལ་ཆེ་བ་ཞིག་ཆགས་ཡོད་ཅེས་ཞུ་རྒྱུ་ཡིན།

གཞན་ཡང་དེ་སྔའི་གྲོས་ཚོགས་ཚོགས་དུས་གསུམ་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ལ་འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་བཟོ་བཅོས་ཁྲིམས་འཆར་དེ། ད་རེས་གྲོས་ཚོགས་འདིའི་ནང་ལ་བསྣམས་ཕེབས་ཡོང་གི་ཡོད་པ་རེད། གཞན་ཡང་ང་ཚོ་ཁྲིམས་སྒྲིག་བསྐྱར་བཅོས་རིགས་གཅིག་ཡོང་གི་ཡོད། དེ་བཞིན་ཁྲིམས་ཞིབ་པ་གཞན་གཅིག་གྲོས་ཚོགས་འདི་བརྒྱུད་ནས་བསྐོ་གཞག་གནང་དགོས་ཀྱི་ཡོད་པ་རེད། གཞན་ཡང་རྒྱུན་ལྡན་གྱི་ལས་རིམ་བཞིན། སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་ཆོད་གྲོས་འཆར་རིགས་གཅིག་ང་ཚོ་ད་རེས་ལས་རིམ་བསྐྱངས་རྒྱུའི་ནང་ཚུད་ཡོད་ཅེས་སྙན་སེང་ཞུ་རྒྱུ་དང་།

 གཞན་ཡང་གྲོས་ཚོགས་ནང་ལས་རིམ་རྣམས་ལ་ཆ་ཤས་བླངས་པའི་སྐབས་སུ་གྲོས་ཚོགས་ཀྱི་ཚོགས་མི་ཚང་མས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་ཕེབས་ཐུབ་དགོས་རྒྱུ། བསམ་ཚུལ་མ་མཐུན་པ་ཡོང་ཆོག་གི་རེད། ཡིན་ནའང་མཚམས་རེ་སྒེར་སོ་སོའི་ཚོར་བའི་དབང་གིས་ཕན་ཚུན་རྣམ་འགྱུར་དྲག་པོ་སྟོན་རྒྱུ། གཞན་ཡང་ཚིག་རྩུབ་བཤད་རེས་བྱ་རྒྱུ། ལྷག་པར་དུ་སྡིགས་ར་ལྟ་བུའི་ཚིག་ཐ་ཤལ་རིགས་བེད་སྤྱོད་ནམ་ཡང་མ་ཐོན་པ་གནང་རོགས་གནང་ཞེས་ཞུ་རྒྱུ་དང་། སོ་སོའི་ངོས་ནས་ཡིན་ནའང་མི་མང་གི་སྐུ་ཚབ་ཡིན་སྙམ་པ་ཞིག་དང་། བོད་སྤྱི་པའི་ལས་དོན་གྱི་ཐོག་ལ་འགན་འཁུར་བཞེས་པའི་ཐོག་ནས་བགྲོ་གླེང་གནང་རྒྱུ། དྲི་བ་དྲིས་ལན་གྱི་ཆ་ཤས་གང་བཞེས་པ་ཡིན་ནའང་ཁུངས་ལུངས་རྒྱུ་མཚན་དང་ལྡན་པ། བསྲང་ལམ་དབར་གྱི་སྐད་ཆའི་ར་བ་ལས་བརྒལ་ཐུབ་དགོས་རྒྱུ། སྤྱི་པའི་ལས་དོན་དང་འབྲེལ་བ་ཡོད་པ། ཡ་རབས་དང་སྐད་ཡིག་ཚད་ལྡན་བེད་སྤྱོད་གནང་ཐུབ་པ་ཡིན་ན། གྲོས་ཚོགས་ཀྱི་ཆེས་མཐོང་རེད། གྲོས་ཚོགས་ལ་དོ་སྣང་གནང་མཁན་རྣམ་པ་ཚོ་ཡིན་ནའང་གྲོས་ཚོགས་ལ་དམིགས་བསལ་གྱི་ཆེས་མཐོང་གཟིགས་ཐུབ་རྒྱུ་དང་། འཚོར་སྣང་སྤྲོད་ཐུབ་དགོས་རྒྱུའི་གནས་སྟངས་ཆགས་ཀྱི་འདུག གྲོས་ཚོགས་ལྟ་བུར་ཆ་མཚོན་པ་ཡིན་ན། དོ་སྣང་བྱེད་མཁན་ཧ་ཅ་མང་པོ་རེད། བོད་ནང་ནས་ཡིན་ནའང་རེད། གཞན་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་ཡིན་ནའང་ང་ཚོ་གྲོས་ཚོགས་ལ་བོད་མི་ཙམ་མ་རེད། དོ་སྣང་ཤུགས་ཆེན་པོ་གནང་གི་ཡོད། དེ་ཡིན་དུས་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་ཐུབ་རྒྱུའི་ང་ཚོའི་སྒྲིག་འཛུགས་བླ་ན་མེད་པ་འདི་ཆགས་བསྡད་ཡོད་པ་རེད། འདི་འདྲའི་ཐོག་ནས་ཚང་མས་སྤྱི་པའི་སྒྲིག་འཛུགས་དང་ལས་དོན་རྣམས་ལ་ནུས་པ་ཤུགས་ཆེན་པོ་ཡོང་ཐུབ་རྒྱུར་འབད་བརྩོན་གྱི་ཐོག་ནས་ཆ་ཤས་བཞེས་དགོས་རྒྱུ་དེའང་གལ་ཆེན་པོ་འདུག་ཟེར་ནས་ཞུ་རྒྱུ་ཡིན། གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་རྣམས་དོན་ཕན་ལྡན་པ་ཞིག་དང་ལམ་ལྷོང་ཡོང་རྒྱུར་འཛིན་སྐྱོང་བཀའ་ཤག་དང་། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་ཚང་མས་མཐུན་འགྱུར་གནང་རོགས་གནང་ཟེར་ནས་འབོད་བསྐུལ་ཞུ་འདོད་བྱུང་། ཚོགས་གཙོའི་ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་འདི་ནས་མཚམས་འཇོག་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་རྣམས་ལྷུན་གྱི་གྲུབ་པ། བོད་དོན་བདེན་མཐའ་གསལ་སྟེ་གཞིས་བྱེས་མཉམ་འཛོམས་གང་མགྱོགས་ཡོང་རྒྱུའི་ཐོག་ལ་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ།།