དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨ་རིའི་རོགས་ཚོགས་ (PRM) ཀྱི་ཚོགས་མི་གསུམ་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༦ ཉིན་ཨ་རིའི་རོགས་ཚོགས་ (PRM) ཀྱི་ཚོགས་མི་ལྕམ་སྐུ་ (Ms. Jennifer Cole, PRM Program Officer, U.S. State Department (Washington, DC)) མཆོག་དང་། སྐུ་ཞབས་ (Mr. Alex Ave-Lallemant, Regional Refugee Coordinator, U.S. Embassy, Kathmandu, Nepal) མཆོག། པདྨ་བསྟན་འཛིན་ལགས་ (Mr. Pema Tenzin la, Refugee Program Assistant, U.S. Embassy, Kathmandu, Nepal)  བཅས་རྣམ་པ་གསུམ་དང་།  དེ་བཞིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨ་རིའི་རོགས་ཚོགས་ (PRM) ཀྱིས་བོད་མི་རྣམས་ལ་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་མུ་མཐུད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། ད་ལྟའི་བོད་ནང་གི་ཆབ་སྲིད་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་མདོ་དབུས་ཁམས་གསུམ་ནང་ཆགས་པའི་བོད་ཀྱི་དགོན་སྡེ་ཁག་ནང་རྒྱ་ནག་གཞུང་གི་སྲིད་བྱུས་འོག་གྲྭ་བཙུན་གྱི་གྲངས་འབོར་ཉུང་དུ་ཕྱིན་ཡོད་སྐོར་གསུངས་གནང་སོང།

དེ་བཞིན་ཁོང་རྣམས་ཀྱིས་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ཕྱག་ལས་གནང་ཕྱོགས་ཐོག་དྲི་བར་བཏང་བར། དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་དོན། བཙན་བྱོལ་བོད་མིའི་གྲོས་ཚོགས་དེ་ཕྱོགས་གཅིག་ནས་འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་ལ་སྐབས་རེ་རྒྱབ་སྐྱོར་བྱེད་དགོས་པ་དང་ཡང་སྐབས་རེ་དྲི་བ་དང་སྟངས་འཛིན་གནང་དགོས་པ་དེ་འདྲའི་ལས་འགན་ཞིག་དང་། ཕྱོགས་གཞན་ཞིག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་དང་སྒྲིག་གཞི་བཟོ་རྒྱུ་དང་། བསྐྱར་བཅོས་གནང་རྒྱུ།  དེ་མཚུངས་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ། བཙན་བྱོལ་བོད་མིའི་གྲོས་ཚོགས་དང་འཛམ་གླིང་གཞན་གྱི་གྲོས་ཚོགས་དབར་འབྲེལ་བ་འཇོག་རྒྱུ། དཔེར་ན་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམས་འཛམ་གླིང་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས་བོད་དོན་ངོ་སྤྲོད་གནང་རྒྱུ་དང་། དེ་བཞིན་སྤྱི་འཐུས་རྣམ་པ་ལོ་རེར་ས་བགོས་གནང་ནས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་པའི་གཞིས་ཆགས་ཁག་ལ་ཕེབས་ཏེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་དང་། བོད་ནང་གི་གནས་སྟངས། གཞིས་ཆགས་ནང་ཡོད་པའི་བོད་མིའི་ཚོའི་ཤེས་ཡོན་དང་། འཕྲོད་བསྟེན། འཚོ་བའི་གནས་སྟངས་སྤྱི་ཡོངས་ཐོག་གཟིགས་ཞིབ་གནང་རྗེས་སྙན་ཐོ་བཀོད་ནས་འབྲེལ་ཆགས་འཛིན་སྐྱོང་ལྷན་ཁང་ཁག་ལ་ཞུ་སྐུལ་བྱེད་རྒྱུ་སོགས་ཡིན་སྐོར་གསུངས་གནང་ཡོད།

ཕྱོགས་མཚུངས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་གི་གནས་སྟངས་ཐོག་དྲི་བ་གནང་བར། དཔལ་ལྡན་ཚོགས་གཙོ་མཆོག་གིས་གཞིས་ཆགས་ནང་གཞོན་སྐྱེས་སྡོད་མཁན་ཉུང་དུ་འགྲོ་བཞིན་ཡོད་པ་དང་། རྒྱ་གར་གཞུང་ནས་གནང་བའི་ས་ཞིང་ཁག་ལ་བོད་པ་རང་གིས་ཞིང་ལས་བྱེད་མཁན་ཧ་ཅང་ཉུང་དུ་འགྲོ་བཞིན་ཡོད། འོན་ཀྱང་ཤེས་ཡོན་དང་འཕྲོད་བསྟེན་ཐོག་ཡར་རྒྱས་ཕྱིན་ཡོད། བོད་ནང་སྔོན་མ་ཤེས་ཡོན་ཅན་མང་ཆེ་བ་སེར་མོ་བ་ཡིན་ཀྱང་། དེང་སང་བོད་རིགས་ན་གཞོན་བོད་ཀྱི་སྐད་ཡིག་དང་། དེང་དུས་ཀྱི་ཤེས་ཡོན་ཚད་དང་ལྡན་པ་མང་པོ་ཡོང་གི་ཡོད། ཆབས་ཅིག་གཞིས་ཆགས་ནང་བོད་མི་རྣམས་ཡུན་རིང་སྡོད་ཐབས་ལ་གང་བྱས་ན་ལེགས་པའི་སྐོར་གྱི་དྲི་བར། དཔལ་ལྡན་ཚོགས་གཙོ་མཆོག་གིས་གཞིས་ཆགས་ནང་གཞོན་སྐྱེས་ཡུན་རིང་སྡོད་ཐུབ་རྒྱུའི་འཆར་གཞི་སྒྲིག་ཐུབ་ན་ཡག་པོ་ཡོད་པ་དང་། གཞོན་སྐྱེས་རྣམས་ལ་ལས་ཀ་ལས་སའམ་སེམས་པའི་ཆགས་ས་ལྟ་བུའི་ཚོང་འབྲེལ་ལས་གཞི་རིགས་གཞིས་ཆགས་ནང་བཙུགས་ཐུབ་པ་ཡིན་ན། བོད་པ་གཞོས་སྐྱེས་མང་པོ་རང་བཞིན་གྱི་འཁོར་ཐུབ་རྒྱུ་ཡིན་པ་དང་། གཙོ་བོ་མཐོ་སློབ་ཐོན་མཁན་བོད་པའི་གཞོན་སྐྱེས་རྣམས་ཀྱིས་སློབ་སྦྱོང་གང་བྱས་པ། དེ་དང་མཐུན་པའི་གཞིས་ཆགས་ནང་ལས་ཀའི་གོ་སྐབས་བསྐྲུན་རྒྱུའི་འཆར་གཞི་གཏིང་ཐུབ་པ་ཡིན་ན། དེས་གཞིས་ཆགས་ནང་བོད་མི་རྣམས་ཡུན་རིང་སྡོད་རྒྱུའི་ནུས་པ་ཆེ་བ་ཡོད་ཅེས་སོགས་གསུངས་གནང་ཡོད།  དེ་བཞིན་སྐུ་ཚབ་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་གནང་ཡོད་པ་བཅས།