དཔལ་ལྡན་ཚོགས་གཙོ་མཆོག་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་དབར་རྩེད་འགྲན་ཐེངས་ ༢༢ པའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༡ ཉིན་སྦིར་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཁང་ཚན་ནང་ཁུལ་དབར་རྩེད་འགྲན་ཐེངས་ ༢༢ པ་དེ་བཞིན་འདི་ཕྱི་གཉིས་ཀྱི་སྐྱབས་གནས། འཛམ་གླིང་ཞི་བདེའི་དེད་དཔོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༢ ལ་ཕེབས་པར་རྟེན་འབྲེལ་དང་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་སྙིང་ནས་རྗེས་སུ་དྲན་པའི་ངང་རྩེད་འགྲན་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྩེད་འགྲན་གྱི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་བོད་ཁྱིམ་དབུས་སའི་འགན་འཛིན་རྣམ་པ། ཕྱི་རྒྱལ་གྱི་སྦྱིན་བདག་ཁག་ཅིག སྦིར་གཞིས་ཁག་གསུམ་གྱི་ས་གནས་འགོ་འཛིན་དང་ས་འཐུས་རྣམ་པ། ས་གནས་མི་མང་དང་སློབ་ཕྲུག་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་། དེ་བཞིན་བོད་ཕྱི་ནང་གཉིས་ནང་རང་སྲོག་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་མཚམས་སློབ་གྲྭའི་ངེས་སྟོན་པ་རྒན་རྣམ་གྲོལ་བཀྲ་ཤིས་ལགས་ནས་དགའ་བསུའི་གསུང་བཤད་གནང་། དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་རྩེད་འགྲན་གྱི་དར་ཆ་བསྒྲེངས་འཛུགས་གནང་བསྟུན། རྩེད་འགྲན་པ་ཁག་ཅིག་གིས་རྩེད་མོའི་དར་ཆ་བསྒྲེངས་འཛུགས་གནང་སོང་། དེ་ནས་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་ནས་རྩེད་འགྲན་ཐེངས་ ༢༢ པའི་དམ་བཅའ་ཕུལ་རྗེས། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་དོན།

དེ་རིང་སུ་ཇཱ་བོད་ཁྱིམ་གྱི་རྩེད་རིགས་འགྲན་བསྡུར་ཐོག་ཕེབས་པའི་སྦིར་གཞིས་ཆགས་ཁག་གསུམ་གྱི་ས་གནས་འགོ་འཛིན་དང་ས་འཐུས་རྣམ་པ། བོད་ཁྱིམ་དབུས་སའི་འགན་འཛིན་རྣམ་པ། སུ་ཇཱ་བོད་ཁྱིམ་གྱི་ལས་བྱེད་དང་སློབ་ཕྲུག་རྣམ་པ། དེ་བཞིན་སྐུ་མགྲོན་རྣམ་པ་བཅས་ཚང་མར་ངས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་ང་རང་སྒེར་གྱི་ངོས་ནས་དགའ་སེམས་འཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གོང་དུ་འགན་འཛིན་གྱིས་གསུང་བཤད་གནང་བ་ལྟར་དེ་རིང་གི་རྩེད་འགྲན་འདི་སྤྱིར་ལོ་འཁོར་གྱི་རྩེད་རིགས་འགྲན་བསྡུར་ཞིག་ཆགས་ཀྱི་ཡོད་པ་ཙམ་མ་ཟད། དམིགས་བསལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་ཐོག་ནས་རྩེད་རིགས་གོ་སྒྲིག་ཞུས་པ་ཞིག་ཆགས་ཡོད། དེའི་ཐོག་ལ་སུ་ཇཱའི་དབུ་ལས་རྣམ་པས་དེ་རིང་སྐུ་མགྲོན་དུ་བཅར་རོགས་ཞེས་འབོད་སྐུལ་ཞུས་པ་བཞིན་ང་རང་བཅར་ཐུབ་པར་དགའ་པོ་ཞེ་དྲག་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ང་ཚོ་བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༦༠ ལྷག་ཙམ་བསྡད་ཟིན་པ་རེད། དེའི་རིང་གཙོ་བོ་༸གོང་ས་མཆོག་གི་རླབས་ཆེན་གྱི་ཐུགས་རྗེ་དང་བཀའ་སློབ་ལམ་སྟོན་འོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཙམ་མ་ཟད། ཤེས་ཡོན་གྱི་གནས་སྟངས། འཕྲོད་བསྟེན་དང་གཞིས་ཆགས་དགོན་སྡེ་ཁག་གི་གནས་སྟངས་ཚང་མ་སྤྱི་ཚོགས་གཞན་དང་འགྲན་ཐུབ་པ་ཟེར་ན་མི་འདུག འདྲ་མཉམ་ཐོག་འགྲོ་ཐུབ་ཡོད། དེར་ང་ཚོས་གཙོ་བོ་༸གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་དགོས་པ་ཞིག་དང་། རྒྱ་གར་དབུས་སའི་བཀའ་དྲིན་ཡང་མཉམ་དུ་དྲན་དགོས་པ་ཞིག་རེད།

བོད་ཕྲུག་ཁྱིམ་སྡེ་ལྟ་བུར་མཚོན་པར་ཡིན་ན། གཙོ་བོ་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་དང་། དེ་བཞིན་ཆུ་མགོ་གངས་ལ་ཐུག་པ་ནང་བཞིན། ༸གོང་ས་མཆོག་གི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་གིས་ལོ་རབས་དྲུག་ཅུའི་ནང་རྡ་ས་བོད་ཁྱིམ་སློབ་གྲྭ་ཐོག་མར་དབུ་འཛུགས་གནང་བ་དང་། དེ་རྗེས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་གཙོས་འབྲེལ་ཡོད་མང་པོ་ཞིག་གིས་སྐུ་ལས་བསྐྱོན་གནང་བར། ལས་བྱེད་སློབ་ཕྲུག་སོགས་ཚང་མས་ཕྱར་གྲུ་མཉམ་འདེགས་བྱས་ཙང་ད་ལྟའི་འབྲས་བུ་མངོན་དུ་འགྱུར་བ་དེ་བྱུང་བ་རེད། དེ་ཡིན་དུས་ཁོང་རྣམ་པའི་བཀའ་དྲིན་རྗེས་སུ་དྲན་དགོས་པ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད།  བཀའ་དྲིན་རྗེས་སུ་དྲན་ཟེར་དུས་རྣམ་ཐར་བཏང་བ་དང་། ཆུ་ཚོད་གཅིག་གཉིས་ཙམ་གུས་ཞབས་ཞུས་པ་ལྟ་བུར་མ་ཡིན་པར། ཁོང་རྣམ་པས་སྐུ་ལས་གང་འདྲ་བསྐྱོན་པ་ཤེས་དགོས་པ་དང་། དགོངས་གཞི་གང་ཡིན་པ་རྣམས་དངོས་སུ་ལག་བསྟར་ཞུ་ཐུབ་པ་བྱ་རྒྱུ། དེའི་ཐོག་ནས་བོད་མི་རིགས་ལ་ཕན་ཐོགས་ཐུབ་པ། སྒྲིག་འཛུགས་ལའང་ཕན་ཐོགས་ཐུབ་པ། དེང་སང་རྒྱལ་ཁབ་ཚང་མ་ཁྱིམ་ཚང་གཅིག་ལྟ་བུར་ཆགས་པའི་དུས་སྐབས་འདིར་འཛམ་གླིང་སྤྱི་ལའང་ཞབས་འདེགས་སྒྲུབ་རྒྱུའི་ནུས་པ་བཏོན་ཐུབ་པ་སོགས་བྱུང་ན་བཀའ་དྲིན་རྗེས་དྲན་ངོ་མ་རེད་དྲན་གྱི་འདུག

དེ་བཞིན་ཤེས་ཡོན་གྱི་ཐོག་ནས་ད་ལྟའི་དུས་ཚོད་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉེར་གཅིག་ནང་བོད་ཕྲུག་རྣམས་འདབ་ཤོག་གཉིས་ལྡན་གྱི་ངོ་བོར་འགྱུར་དགོས་ཀྱི་འདུག་ཅེས་དང་། རིགས་གཅིག་རྐང་འཛིན་དང་ཆེད་ལས་པ་མང་པོ་ཐོན་དགོས་པ།  སྤྱི་ཚོགས་གཞན་ལའང་དེ་འདྲ་མང་པོ་ཐོན་པའི་སྐོར་དང་། ང་ཚོས་འཐུས་ཤོར་མ་འགྲོ་བའི་ཐོག་ནས་འགན་ཁུར་ཆེ་ཙམ་བླངས་དགོས་ཀྱི་འདུག ཅེས་བཀའ་སློབ་ལམ་སྟོན་ཕེབས་པ་གཞིར་བཟུང་འབྲེལ་ཡོད་ཚང་མས་ལྷག་བསམ་རྣམ་དག་གིས་ཧུར་བསྐྱེད་བྱེད་བཞིན་ཡོད་པ་རེད། ཡིན་ནའང་དམིགས་ཡུལ་ཟིན་པ་གཞིར་བཟུང་དེ་ཚོའི་ཐོག་ལ་དེ་ཙམ་གོམ་པ་མདུན་སྤོས་བྱེད་མི་ཐུབ་པའི་གནས་སྟངས་ཡོང་གི་ཡོད་པ་རེད། དེར་གང་ཟག་གཅིག་དང་སློབ་ཕྲུག་གཅིག ཡང་ན་སྤྱི་ཚོགས་གཅིག་ནས་ཙམ་མ་ཡིན་པར་སྤྱི་ཚོགས་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དེ་གནད་འགག་རེད། དཔེར་ན་སློབ་ཕྲུག་གཅིག་གི་ཁྱིམ་ཚང་དང་སློབ་གྲྭ་ནས་བཟུང་ཏེ་ཐ་མ་མི་ཚེའི་མདུན་ལམ་ཏག་ཏག་ཅིག་མ་བྱུང་བར་དུ་སྤྱི་ཚོགས་སྤྱི་ཡོངས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། འཚམས་རེ་དཔལ་འབྱོར་གྱི་གནས་སྟངས་ཏོག་ཙམ་ཡག་ཏུ་ཕྱིན་ཡོང་དུས་བཞུགས་ཁང་ཐོག་བརྩེགས་མང་པོ་བརྒྱབ་ནས་ཚང་མ་དབུ་འཁོར་ནས་བསྡད་དེ་དཔལ་འབྱོར་གྱི་བག་མེད་ལོངས་སྤྱོད་བྱས་པ་དང་། སྤྱི་ཚོགས་ལ་ཕན་མི་ཐོགས་པ་མ་ཟད་ཁྱིམ་ཚང་ལ་ཕན་ཐོགས་མི་ཐུབ་པ་དེ་འདྲ་ཡོང་གི་འདུག ད་ལྟ་ང་ཚོའི་དཔལ་འབྱོར་གྱི་གནས་སྟངས་དེ་སྤྱི་ཚོགས་ལ་ཕན་ཐོགས་ཐུབ་པར་བསྒྱུར་ཐབས། ཤེས་ཡོན་གྱི་གནས་སྟངས་སྤྱི་ཚོགས་ལ་ཕན་ཐོགས་ཐུབ་པའི་ཁ་ཕྱོགས་ལ་བསྒྱུར་ཐབས། ད་ལྟ་ང་ཚོ་རེ་བ་རྒྱག་ས་དང་དམིགས་ཚད་ཟིན་ས། ༸གོང་ས་མཆོག་གི་དགོངས་བཞེད་སྒྲུབ་ཐུབ་པའི་རེ་བ་ཆེན་པོ་ཞིག་ཡོད་པ་ཆགས་བསྡད་ཡོད།

 ཕྱོགས་མཚུངས་བོད་ནང་གི་གནས་སྟངས་ལ་བལྟས་པ་ཡིན་ན། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་སྲིད་བྱུས་རབ་དང་རིམ་པ་གཏིང་ནས་གཞིས་ལུས་བོད་མི་ཚོར་དཀའ་ངལ་རིམ་པ་མང་པོ་འཕྲད་ཀྱི་ཡོད་ཀྱང་། ཁོང་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས། མདུན་བསྐྱོད་བྱེད་རྒྱུར་ཞུམ་པ་མེད་པ་དང་། བཙན་བྱོལ་ནང་༸གོང་ས་མཆོག་གིས་དབུ་འཁྲིད་ལམ་སྟོན་འོག་འཛིན་སྐྱོང་བཀའ་ཤག་ཡིན་ནའང་རེད། གྲོས་ཚོགས་ཡིན་ནའང་རེད། དབུས་སའི་ཡན་ལག་སྒྲིག་འཛུགས་ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་འབད་བརྩོན་བྱས་པའི་འབྲས་བུར་ད་བར་བོད་ཟེར་བ་དེ་གནས་ཐུབ་པ་ཞིག་བྱུང་ཡོད། དེ་གནས་ཐུབ་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་བོད་མི་རིགས་ལ་མི་རིགས་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་གསལ་པོ་རེད། ཁྱད་ཆོས་དེ་བོད་མི་རིགས་ཀྱི་སྐད་ཡིག ཆོས་དང་རིག་གཞུང་། གོམས་གཤིས། ནམ་རྒྱུན་ཀུན་སློང་འཁྱེར་སྟངས་སོགས་རེད། དེ་འདྲའི་ཐུན་མོང་མ་ཡིན་པ་དེ་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ་བྱེད་དགོས་པ་དེ་བོད་ཀྱི་འཐབ་རྩོད་ཐོག་ལ་མེད་ན་མེད་ཐབས་ཤིག་དང་། མི་རིགས་ཤིག་གི་གནས་སྟངས་ཐོག་ལའང་ཤིན་ཏུ་ནས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། འོན་ཀྱང་ཉིན་ཞིག་སྐད་ཡིག་དང་། མི་རིགས་འདིའི་ཁྱད་ཆོས་དེ་བརླགས་ནས་མི་རིགས་ཆེ་བའི་ནང་ཐིམ་པ་ཡིན་ན། ང་ཚོ་མུ་མཐུད་གནས་ཐུབ་པའི་ཚེ་སྲོག་བརླག་པ་དང་གཅིག་པ་རེད། ཚེ་སྲོག་བརླག་ན་མི་དེ་གཟུགས་ཀྱི་ཕུང་པོ་ཙམ་ལས་མི་རིགས་ཀྱི་བསམ་བློ་དང་མཐུན་པའི་ལས་ཀ་ཞིག་བྱེད་ཐུབ་ཀྱི་མ་རེད། བྱས་ཙང་མི་རིགས་ཀྱི་ཁྱད་ཆོས་དེ་སྲུང་སྐྱོབ་བྱེད་གལ་ཆེན་པོ་རེད།

ང་ཚོའི་མི་རིགས་ཀྱི་འཐབ་རྩོད་ལ་བདེན་པ་ཡོད་པ་གསལ་པོ་རེད། བདེན་པ་ཡོད་ན་བདེན་དོན་རྩོད་རྒྱུའི་ཞུམ་པ་མེད་པའི་སྙིང་སྟོབས་དང་སྤོབས་པ་ཞིག་དགོས་པ་གལ་ཆེན་པོ་རེད། གལ་ཏེ་མི་རིགས་ཀྱི་ཁྱད་ཆོས་རྣམས་བརླགས་ནས་མི་རིགས་གཞན་གྱི་ནང་ཐིམ་ན་སོ་སོའི་འཐབ་རྩོད་ཟུར་དུ་རྩོད་རྒྱུའི་ཀུན་སློང་ཡོད་པ་ཕལ་ཆེར་བཤད་མི་ཤེས་པའི་གནས་སྟངས་ལྟ་བུ་རེད། དེང་དུས་ཀྱི་ཤེས་ཡོན་མཉམ་དུ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་གལ་ཆེར་བརྩིས་ནས་མི་ཉམས་རྒྱུན་འཛིན་བྱེད་གལ་ཆེན་པོ་ཡིན།

དེ་རིང་རྩེད་རིགས་ཀྱི་འགྲན་བསྡུར་ཆགས་ཀྱི་ཡོད་པ་རེད། དེར་ལུས་ངག་གི་ཀུན་སྤྱོད་འཁྱེར་སྟངས་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། ལུས་ངག་གི་ཀུན་སྤྱོད་འཁྱེར་སྟངས་ཐོག་ནས་ཕ་རོལ་པར་དོ་སྣང་སྤྲད་ཐུབ་ཀྱི་ཡོད་པ་མ་ཟད། སོ་སོའི་རྩེད་རོགས་ནང་ལའང་སྤྲོ་བ་སླེབས་ཐུབ་པ། དེ་འདྲའི་ནུས་པ་ཆེན་པོ་ཆགས་ཀྱི་ཡོད། རྩེད་རིགས་ཐོག་ལ་བསམ་བློ་བཏང་བ་ཡིན་ན་བོད་ནང་རྒྱལ་སྤྱིའི་རྩེད་འགྲན་ཐོག་ཞུགས་མཁན་ཁག་ཅིག་གིས་རྒྱལ་སྤྱིའི་འགྲན་བསྡུར་ནང་ཨང་ཀི་དང་པོ་གཉིས་པ་གསུམ་པ་ལེན་མཁན་རེ་གཉིས་ཡོང་གི་འདུག དེ་འདྲའི་སེམས་ཤུགས་འཁྱེར་ནས་སོ་སོ་དོ་སྣང་ཡོད་སའི་རྩེད་རིགས་ཐོག་ནུས་པ་འབུར་དུ་འདོན་ཐུབ་པ་ཞིག་དགོས་པ། ཕྱོགས་གཅིག་ནས་གཟུགས་ཀྱི་འཕྲོད་བསྟེན་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་རྩེད་རིགས་དེ་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཆགས་ཀྱི་ཡོད་པས་སོ་སོའི་བློ་སྟོབས་དང་ནུས་པ་མི་གཞན་ལ་སྟོན་ཐུབ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་གསལ་པོ་རེད། དེ་ཚོའི་ཐོག་ལ་འགྲན་བསྡུར་ཙམ་མ་ཡིན་པར་མ་འོངས་པར་སོ་སོའི་རྩེད་རིགས་ཀྱི་གོམས་གཤིས་ཟེར་ན་མི་འདུག དོ་སྣང་དང་དབྱིངས་ཤུགས་ཆེན་པོ་ཡོད་ས་དེ་ཚོའི་ཐོག་ལ་ཤུགས་རྒྱག་ཐུབ་ན་སྡིངས་ཆ་རག་གི་རེད་བསམ་གྱི་འདུག དེ་རིང་མང་པོ་མ་ཞུས་པའི་ཐོག་ནས་རྩེད་རིགས་འགྲན་བསྡུར་དེ་ལམ་ལྷོངས་ཡོང་བ་དང་། ལྷག་པར་དུ་སུ་ཇཱ་བོད་ཁྱིམ་གྱི་འཛིན་སྐྱོང་དང་། སློབ་གྲྭའི་གནས་སྟངས། དེ་བཞིན་སློབ་སྦྱོང་ཐོག་མ་འོངས་པར་ཡར་རྒྱས་ཆེན་པོ་འགྲོ་ཐུབ་པའི་སྨོན་ལམ་ཞུ་རྒྱུ་དང་། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་གྲུབ་པ་དང་། གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།། ཞེས་གསུང་བཤད་གནང་བ་དང་ཆབས་ཅིག་དཔལ་ལྡན་ཚོགས་གཙོ་མཆོག་ནས་ཁང་ཚན་ནང་ཁུལ་དབར་གྱི་རྒྱུགས་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༢ པའི་དབུ་འབྱེད་གནང་སོང་། དེ་ནས་རྩེད་འགྲན་དབུ་འཛུགས་གནང་བ་དང་། སྐབས་དེར་རྩེད་འགྲན་ཐོག་ཨང་རིམ་སོན་པ་རྣམས་ལ་དཔལ་ལྡན་ཚོགས་གཙོ་མཆོག་གིས་བྱ་དགའ་གསོལ་རས་སྩལ་གནང་བ་བཅས་ཀྱི་གནས་ཚུལ་དུ། །