དཔལ་ལྡན་ཚོགས་གཙོ་མཆོག་ ༸སྐྱབས་རྗེ་དམ་པ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་ཉིན་ཆེད་བཅར་གནང་བ།

༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཧི་མ་ཅཱལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོན་གཞིས་ཐོབ་རྒྱལ་གསར་པར་གནས་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་ ༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞྭ་དཀར་བསྟན་པའི་གཙུག་རྒྱན་ ༸སྐྱབས་རྗེ་དམ་པ་སྨན་རིའི་ཁྲི་འཛིན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་ཉིན་ཆེད་བཅར་གནང་ཡོད།

དེ་ཡང་སྔ་དྲོ་སྐུ་གདུང་རིན་པོ་ཆེར་མཇལ་ཁ་ཞུས་གནང་བ་དང་། དེ་ནས་གཙུག་ལག་ཁང་གི་གཡས་ཕྱོགས་སུ་ ༸སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་དབུས་པའི་དགེ་འདུན་པ་རྣམས་ཀྱིས་སྤོས་སྣེ་དང་དུང་རྒྱ་སེར་ཕྲེང་གི་མཆོད་རྫས་ཐོགས་ཏེ་སྐུ་གདུང་རིན་པོ་ཆེ་གདུང་ཁང་དུ་གདན་ཞུས་གནང་རྗེས་ཀུན་རིག་ལས་བཞི་རྒྱུན་ལྔ་དང་གདུང་ཀློང་གི་སྒོ་ནས་མེ་སྤར་གནང་།

དེ་རྗེས་གཙུག་ལག་ཁང་གི་མདུན་ཐང་དུ་ ༸སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག དཔལ་ལྡན་ཆོས་རིག་བཀའ་བློན་མཆོག དགེ་འདུན་པ་རྣམ་པ། དེ་བཞིན་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་སར། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་ཐུགས་གསོའི་གསུང་བཤད་གནང་བ་དང་།

 དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐུགས་གསོའི་གསུང་བཤད་ཐོག ཁོང་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གདུང་སེམས་མཉམ་སྐྱེད་ཞུས་གནང་བ་དང་། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་དམ་པ་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་གནང་བ་མ་ཟད། དམ་པ་ཁོང་གི་ཐུགས་ཀྱི་དགོངས་བཞེད་རྣམས་རྗེས་འཇུག་སློབ་འབངས་ཡོངས་ནས་མུ་མཐུད་རྒྱུན་འཁྱོངས་གནང་དགོས་པ་སོགས་གསུངས་གནང་ཡོད་འདུག

དེ་ནས་ ༸སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་དམ་པ་མཆོག་སྐུ་སྙུང་བའི་རྗེས་ཆོས་ཕྱོགས་ཀྱི་དགོངས་པ་བཞེས་སྟངས་དང་། རིས་སུ་མ་ཆད་པའི་བླ་སྡེ་དགོན་ཁག་དང་། ཚོགས་སྡེ་ཁག་ནས་ཐུགས་གསོ་རྒྱ་ཆེར་ཞུས་པར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། མ་འོངས་པ་ཁྲི་འཛིན་ ༣༤ པ་ཇི་ལྟར་ཡོང་ཚུལ་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །