དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་མྱ་ངན་རྗེས་དྲན་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅།  །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་རྡ་ས་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་མྱ་ངན་རྗེས་དྲན་གྱི་མཛད་སྒོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན། དེ་རིང་བཞུགས་སྒར་ལྷ་རྒྱལ་རིར་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ཀྱི་སྐུ་ཕུང་འགྲེམས་སྟོན་གྱི་འདུ་འཛོམས་སུ་ཕེབས་པའི་དཔལ་ལྡན་ཚོགས་གཙོ་གཞོན་པའི་དབུས་ཕྱག་སྦྲེལ་སྤྱི་འཐུས་རྣམ་པ་དང་། དེ་བཞིན་བཀའ་བློན་རྣམ་པ། རྒྱལ་གཅེས་པ་ཁོང་གི་ཕ་མ་གཉིས་ཀྱི་གཙོས་ནང་མི་ལྷན་རྒྱས། གཞོན་ནུ་ལྷན་ཚོགས་ཀྱི་དབུས་ལས་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་ཁུར་བ་རྣམ་པ། དེ་བཞིན་སྐྱ་སེར་ཕོ་མོ་ཡོངས་ལ་དེ་རིང་འདིར་ཕེབས་པར་ཐོག་མར་སྔ་དྲོ་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་དེ་རིང་ང་ཚོ་འདིར་འདུ་འཛོམས་གནང་དགོས་པའི་རྒྱུ་མཚན་དང་། ལྷག་པར་དུ་རྒྱལ་གཅེས་དཔའ་བོ་ཁོང་གི་དེ་སྔོན་དགོངས་གཞི་གང་ཡོད་པ།  རང་ལུས་མེར་སྲེག་བཏང་བའི་རྗེས་སུ་གནས་སྟངས་གང་བྱུང་ཡོད་མེད། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པས་ཞིབ་ཕྲ་འགྲེལ་བརྗོད་གནང་སོང་། དེའི་ཐོག་བསྐྱར་བཟློས་བྱེད་མི་དགོས་པར་ང་ཚོས་གཙོ་བོ་རྒྱལ་གཅེས་དཔའ་བོ་ཁོང་གི་ཀུན་སློང་དང་། བློས་བཏང་དེ་ཚོ་ང་ཚོ་ཚང་མས་རྗེས་སུ་ཡི་རངས་དང་། རྒྱལ་གཅེས་པ་ཁོང་གི་དམིགས་ཡུལ་གཞིར་བཟུང་ཐོག་ང་ཚོས་ཕྱར་གྲུ་མཉམ་འདེགས་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད།

དེ་བཞིན་བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༡༤༩ ཙམ་དང་། བཙན་བྱོལ་ནང་བཅུ་ཕྲག་ལ་ཉེ་བར་ཆགས་ཀྱི་ཡོད་པ་རེད། དེ་ཡིན་དུས་ཁོང་རྣམ་པས་བློས་བཏང་གནང་བ་དེ་གཙོ་བོ་རང་མི་རིགས་དང་། རྒྱལ་ཁབ། ལྷག་པར་དུ་བོད་ནང་གི་བོད་མིའི་གནས་སྟངས་ཐོག་རྒྱ་ནག་གཞུང་གི་མཁྲེགས་ཟུང་སྲིད་བྱུས་དེ་མུ་མཐུད་གནས་བསྡད་པ་དེ་ཚོའི་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་རིང་འདུ་འཛོམས་དེའི་ཐོག་ནས་རྒྱལ་སྤྱིའི་ཐོག་ལ་གོ་བརྡ་ཞིག་སྤྲད་པ་མ་ཟད་རྒྱ་ནག་གཞུང་ལའང་གོ་བརྡ་ཤུགས་ཆེན་པོ་ཞིག་ཀྱང་སྤྲད་ཀྱི་ཡོད། དེ་མཚུངས་བོད་མི་མང་ཚོགས་ཀྱི་ཐོག་ནས་ཀྱང་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་རང་ལུས་མེར་སྲེག་གནང་བའི་རྗེས་སུ་བོད་ཕྱི་ནང་ཚང་མར་སྐྱ་སེར་དབྱེར་མེད་ཐོག་ནས་ཚང་མས་ཁོང་གི་གཙོས་རང་ལུས་མེར་སྲེག་གནང་མཁན་ཡོངས་ལ་གུས་འདུད་ཆེན་པོའི་ཐོག་ནས་སྨོན་ལམ་འདུ་འཛོམས་གནང་བ་དང་། ངོ་རྒོལ་སྐད་འབོད་སོགས་ཤུགས་ཆེན་པོ་ཞེ་དྲག་བྱུང་སོང་། དེ་ཚོའི་ཐོག་ནས་རྒྱལ་སྤྱི་ནང་གོ་བརྡ་སྤྲད་པ་དང་། རྒྱ་ནག་གཞུང་གི་མཁྲེགས་ཟུང་གི་སྲིད་བྱུས་ལ་དངོས་གནས་གོ་བརྡ་སྤྲོད་རྒྱུར་བརྡ་ལན་ཤུགས་ཆེན་པོ་ཞིག་ཆགས་སོང་ཞེས་ཞུ་འདོད་བྱུང་།

དེ་ག་ནང་བཞིན་ང་རང་ཚོའི་འཐབ་རྩོད་ནི་མི་རིགས་ཤིག་གི་འཐབ་རྩོད་ཆགས་བསྡད་ཡོད། མི་རིགས་ཤིག་གི་འཐབ་རྩོད་ཐོག་ལ་འཛམ་གླིང་ལོ་རྒྱུས་ཐོག་ནས་མར་བལྟས་པ་ཡིན་ན། འཛམ་གླིང་མི་རིགས་ཀྱི་འཐབ་རྩོད་མང་ཆེ་བ་ལོ་རྒྱུས་ཐོག་ནས་རྒྱལ་ཁ་ཐོབ་པ་ཆགས་བསྡད་ཡོད་པ་རེད། ང་ཚོའི་ངོས་ནས་མི་རིགས་དེའི་སྐད་ཡིག་དང་། ཆོས་ལུགས། ཐུན་མིན་གྱི་རིག་གཞུང་མི་ཉམས་པ་བྱེད་དགོས་རྒྱུ་གལ་ཆེན་པོ་སོང་ཙང་དེའི་ཐོག་ཚང་མས་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་རེད། རྒྱལ་གཅེས་པ་ཁོང་གི་གསུངས་པ་བཞིན། རང་མི་རིགས་ཀྱི་སྐད་ཡིག་ཐོག་བོད་ཕྱི་ནང་ཡོངས་ནས་ནུས་པ་སྔར་ལྷག་མདུན་སྐྱོད་བྱེད་ཐུབ་དགོས།

རྒྱ་ནག་གཞུང་གིས་ག་དུས་ཡིན་ནའང་བོད་ཀྱི་སྐད་ཡིག་དང་། ཆོས། དེ་བཞིན་ཐུན་མིན་གྱི་རིག་གཞུང་སོགས་རྩ་མེད་གཏོང་ཐབས་དང་ནུས་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད། བྱས་ཙང་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དུས་དང་རྣམ་པ་ཀུན་ཏུ་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན་ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་ནས་བོད་ཀྱི་ཐུན་མིན་གྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་གལ་ཆེན་པོ་ཡིན།

ད་ལྟའི་དུས་ཚོད་འདིར་རྒྱལ་གཅེས་པ་མང་པོ་ཞིག་གིས་བློས་གཏོང་ཆེན་པོ་གནང་བཞིན་པར། ང་ཚོས་མི་རིགས་ཀྱི་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་གནང་གལ་ཆེན་པོ་ཆགས་ཡོད་པ་མ་ཟད་མི་རིགས་ཤིག་གི་འཐབ་རྩོད་ལ་ཐབས་བྱུས་ཕྱུག་པོ་ཡང་དགོས་གལ་ཆེན་པོ་ཆགས་ཡོད། ད་ལྟའི་དུས་ཚོད་འདིར་སྤྱི་ཡོངས་ཐོག་ནས་བརྡ་འཕྲིན་གྱི་དུས་ཚོད་ཅིག་ཆགས་ཡོད་པར་བརྟེན་ནུས་པ་མཉམ་སྤུངས་བྱེད་ཐུབ་རྒྱུར་སྔར་ལས་སྟབས་བདེ་བ་ཞིག་ཆགས་ཡོད། བྱས་ཙང་ང་ཚོ་ཚང་མས་ཕན་ཚུན་གོ་བསྡུར་བྱེད་པའི་ཐོག་འཐབ་རྩོད་ཀྱི་ནུས་པ་ཤུགས་ཆེར་གཏོང་ཐབས་གནང་དགོས། དེ་བས་ཀྱང་བོད་མིའི་འཐབ་རྩོད་ཀྱི་ནུས་པ་ཡུན་རིང་གནས་ཐུབ་རྒྱུའི་མདུན་སྐྱོད་བྱེད་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད། དེ་རིང་སྐད་ཆ་རིང་པོ་མི་བཤད་པར་རྒྱལ་གཅེས་པ་ཁོང་གི་ཕ་མ་གཉིས་ཀྱི་གཙོས་འབྲེལ་ཡོད་ནང་མི་ལྷན་རྒྱས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཚིག་གིས་མཚོན་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རུང། ཤུགས་ཆེན་པོའི་ཐོག་ནས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཁོང་གིས་བོད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་བ་དང་། བློས་བཏང་གནང་དགོས་པའི་དམིགས་ཡུལ་སོགས་ང་ཚོས་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་ཉིན་རེའི་འཚོ་བའི་ནང་ལ་ཚུར་སྦྱར་ཐབས་གནང་ནས་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་ཡུན་རིང་པོ་གནས་ཐུབ་རྒྱུའི་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས་གནང་ཡོད།

དེ་བཞིན་མྱ་ངན་གུས་འདུད་ཀྱི་ལས་རིམ་འདིའི་ཐོག་སྤྱི་འཐུས་རྒྱུན་ལས་རྣམ་པ་ཡང་གཞུང་འབྲེལ་ཐོག་ཆེད་ཕེབས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།