དཔལ་ལྡན་ཚོགས་གཙོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།

dsc_0281

༄༅། །འགྲོ་བ་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། གངས་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་བླ་ན་མེད་པའི་ དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ སྒོ་གསུམ་གུས་པས་དད་ཕྱག་སྔོན་དུ་བཏང་བའི་ཐོག་ནས།

ད་རེས་སྐབས་བཅུ་དྲུག་པའིི་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་ལ་ དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་ དཔལ་ལྡན་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཀྱི་ ཚོགས་གཙོ་གཞོན་པ་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ཡོངས་ལ་ ཚོགས་གཙོའི་ངོས་ནས་ཐོག་མར་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག་ ད་རེས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་སུ་སྤྱི་འཐུས་གཅིག་ཙམ་ཞིག་སྒེར་གྱི་ལས་དོན་གྱིས་རྐྱེན་པས་ཛ་དྲག་གི་གནས་སྟངས་ཆགས་ཏེ། དེ་རིང་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་ལ་བཅར་ཐུབ་ཀྱི་མི་འདུག དེ་མ་ཡིན་པའི་སྤྱི་འཐུས་གསུམ་ཙམ་གྱི་ནང་ནས་སྤྱི་འཐུས་གཉིས་དེ་རིང་ལས་ཉིན་དང་པོར་བཅར་ཐུབ་ཀྱི་མི་འདུག སྤྱི་འཐུས་གཅིག་ཕྱི་ཚེས་ ༢༤ བར་དགོངས་ཞུ་གནང་དགོས་བྱུང་བ་བཅས་སྤྱི་འཐུས་རྣམ་པ་བཞི་མ་གཏོགས། དེ་མིན་གྱི་བཀུར་འོས་སྤྱི་འཐུས་ཚང་མ་དེ་རིང་འདིར་ཕེབས་ཐུབ་ཡོད་ཅེས་ཞུ་རྒྱུ་ཡིན།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་གྲོལ་བའི་རྗེས་སུ་བཀུར་འོས་སྤྱི་འཐུས་རྣམ་པ་བོད་མིའི་འདུས་སྡོད་ཀྱི་ས་གནས་ཁག་ལ་འཚམས་གཟིགས་སུ་བཅར་རྒྱུའི་སྐབས། ཚོགས་གཙོ་གཉིས་ཀྱི་ལམ་སྟོན་ནང་། མི་མང་ལ་གོ་རྟོགས་སྤེལ་དགོས་པ་དང་། གཙོ་བོ་༸སྐྱབས་མགོན་རིན་པོ་ཆེའི་མཛད་འཕྲིན་ཁག་དང་། དེ་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས། བོད་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། དེ་བཞིན་གྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་ཁག་ངོ་སྤྲོད་གནང་རྒྱུ་དང་། ཞོར་ལ་བོད་མིའི་འདུས་སྡོད་ཀྱི་ས་གནས་ཁག་ནང་གི་་གནས་སྟངས་ལ་གཟིགས་ཞིབ་གནང་རྒྱུ། དེ་བཞིན་གྱི་ཤེས་ཡོན་གྱི་ཐོག་ལ་ཡིན་ནའང་འདྲ། འཕྲོད་བསྟེན་གྱི་ཐོག་ནས་ཡིན་ནའང་འདྲ། དེ་མིན་གྱི་བདེ་སྡུག་གནས་སྟངས་གང་ལ་ཡིན་ཡང་གཟིགས་རྟོག་གནང་དགོས་རྒྱུའི་ལམ་སྟོན་ཞུས་པ་གཞིར་བཟུང་གིས་འདས་པའི་ཟླ་བ་ཁ་ཤས་ཀྱི་ནང་ལ་ང་ཚོ་སྤྱི་འཐུས་ཀྱི་འཚམས་གཟིགས་ཡོངས་སུ་རྫོགས་པ་གྲུབ་ཟིན་ཡོད། དེ་ཡིན་དུས་བཀུར་འོས་སྤྱི་འཐུས་རྣམ་པའི་འཚམས་གཟིགས་ཀྱི་ལས་བསྡོམས་ནང་དུ་འཁོད་པ་གཞིར་བཟུང་གིས་སྤྱི་འཐུས་རྒྱུན་ལས་དང་ཚོགས་དྲུང་ལས་ཁུངས་ཀྱི་ཐོག་ནས་དབྱེ་གསེས་བྱས་ཏེ། འཛིན་སྐྱོང་བཀའ་ཤག་དང་ལྷན་ཁང་ཁག་ལ་འབྲེལ་བ་དེ་དག་བཀའ་ཤག་ཏུ་ཕུལ་ཏེ་མཇུག་སྐྱོང་གནང་བཞིན་པ་ལྟར། འབྲེལ་ཡོད་ལྷན་ཁང་ཁག་ནས་ཡིན་ནའང་ཞིབ་འཇུག་གནང་རྒྱུ་དང་ལས་འཆར་ཁག་བང་སྒྲིག་རྒྱུ་སོགས་ཚགས་ཚུད་པོ་ཡོང་རྒྱུར་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཡིད་ཆེས་ཞུ་ཡི་ཡོད། དེ་བཞིན་གྱིས་སྤྱི་འཐུས་ལྷན་ཚོགས་དང་འབྲེལ་བའི་རིགས་སྤྱི་འཐུས་རྒྱུན་ལས་ནང་དུ་གོ་བསྡུར་སྦྱངས་བཤད་བྱས་ཏེ་ཁུངས་སོ་སོར་ལན་འབུལ་རྒྱུ་གནང་ཡོད། དེ་ཡིན་དུས་འཚམས་གཟིགས་ཀྱི་ལས་རིམ་ནང་ལོགས་ལ་སྤྱི་འཐུས་རེ་གཉིས་ཙམ་སྒེར་གྱི་གནད་དོན་གྱི་ཐོག་ནས་བཅར་ཐུབ་མེད་པ་མ་གཏོགས་དེ་མ་ཡིན་པའི་སྤྱི་འཐུས་མང་ཆེ་བ་བཅར་ཡོད། བཅར་བ་ནང་བཞིན་གྱི་ལས་བསྡོམས་ནང་ལ་ས་གནས་ཁག་ལ་བཅར་བའི་སྐབས་སུ་སྐུ་ངལ་མང་པོར་གདོང་ལེན་གནང་སྟེ་དངོས་གནས་དྲང་