དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་སུད་སིར་ཕེབས་འབྱོར་གནང་བ།

༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ ༢༠༡༧ ཟླ་ ༨ ཚེས་ ༣༡ ཉིན་སུད་སི་འཛུ་རིག་གནམ་ཐང་དུ་ཕེབས་འབྱོར་གནང་སྐབས། རི་ཀོན་མཁན་རིན་པོ་ཆེ་མཆོག་དང་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་གཉིས། ས་གནས་སྐུ་ཚབ་དོན་གཅོད། ས་གནས་བོད་རིགས་མི་མང་གི་ཚོགས་གཙོ་དང་ཚོགས་གཞོན་གཙོས་འཐུས་མི་རྣམ་པ། སུད་བོད་མཐུན་གྲོགས་ཚོགས་པ་དང་། ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས་བཅས་ཀྱི་ཚོགས་གཙོ། ས་གནས་བོད་ཀྱི་ཆོལ་ཁ་གསུམ་གྱི་མཛད་གཙོ་རྣམས་ཀྱིས་གཙོས་ས་གནས་མི་མང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༩ ཚེས་ ༡ ཉིན་རི་ཀོན་ཁུན་བཟོ་གྲྭ་དང་ས་གནས་འགྲེམས་སྟོན་ཁང་ལ་གཟིགས་བསྐོར་དང་། རི་ཀོན་ཆོས་འཁོར་དགོན་དུ་གནས་གཟིགས་ཕེབས་གནང་རྒྱུ། དེ་རྗེས་ལས་རིམ་བཞིན་ས་གནས་སུ་བོད་རིགས་གནད་ཡོད་མི་སྣ་ཁག་དང་། ས་གནས་བོད་རིགས་མི་མང་འཐུས་ཚོགས་ཀྱི་འཐུས་མི་རྣམ་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ་བཅས་ཀྱི་ལྷན་བཞུགས་མོལ་ཚོགས་འདུར་དབུ་བཞུགས་གནང་རྒྱུ། ཕྱི་ཚེས་ ༢ ཉིན་མང་གཙོའི་དུས་ཆེན་ཐེངས་ ༥༧ པའི་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་གནང་རྒྱུ། ཕྱི་ཚེས་ ༤ ཉིན་འཛུ་རིག་གྲོང་ཁྱེར་ལས་ཁུངས་ཀྱི་དཔོན་ཆེན་མ་རིཡོ་ཕེར་ (Mr.Mario Fehr, President of Zurich city of Council) མཆོག་དང་ལྷན་མཇལ་འཕྲད་གནང་རྒྱུ། ཕྱི་ཚེས་ ༥ ཉིན་བེརན་ (Bern) གྲོང་ཁྱེར་དུ་སུད་སི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་སུད་བོད་མཐུན་གྲོགས་ཚོགས་པའི་རྒྱུན་ལས་ལྷན་མཇལ་འཕྲད་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །