དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་གྲོས་ཚོགས་ཚོགས་དུས་དགུ་པའི་མཇུག་བསྡོམས་གསུང་བཤད།

༄༅། །དཔལ་ལྡན་སྲིད་སྐྱོང་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་ཕྱག་སྦྲེལ་སྤྱི་འཐུས་རྣམ་པ། ཚང་མར་ཞུ་དོན། ད་རེས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དགུ་པ་དེ་ཐོག་མར་ང་ཚོས་ལས་རིམ་བང་སྒྲིག་པ་ནང་བཞིན་གྱི་བྱུང་ཐུབ་ཡོད་པ་མ་རེད། མ་བྱུང་བ་དེའང་གོང་དུ་དབུ་འབྱེད་སྐབས་ཞུས་པ་ནང་བཞིན་གྱིས་ཏོག་དབྱིབས་ཀྱི་ནད་ཡམས་དེས་རྐྱེན་པས་གནས་སྟངས་དེ་ལྟར་ཆགས་པ་རེད། འོན་ཀྱང་ད་རེས་གྲོས་ཚོགས་ཉིན་མ་གཅིག་ཚོགས་པ་དེའི་ནང་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཉིས་དང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གཅིག རྩིས་ལོ་ ༢༠༢༠༌༌༌༢༠༢༡ ལོའི་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་བཅས་གནང་ཐུབ་པ་བྱུང་ཡོད། དེ་དག་ཚང་མ་ལེགས་གྲུབ་ཡོང་ཐུབ་པ་དེའང་ད་རེས་གྲོས་ཚོགས་ར་བ་འདིའི་ནང་ལ་ཆ་ཤས་བཞེས་གནང་མཁན་གྱི་ཐོབ་ཐང་ཡོད་མཁན་ཚང་མས་མཐུན་འགྱུར་མཉམ་རུབ་གནང་བར་བརྟེན་ནས་གནས་སྟངས་དེ་བྱུང་བ་རེད། སྡིངས་ཆ་འདིའི་ཐོག་ནས་རྣམ་པ་ཚོ་ཚང་མར་ལེགས་གསོའི་བསྔགས་བརྗོད་ཞུ་རྒྱུ་ཡིན།

རྩ་བའི་ང་ཚོ་སྤྱི་འཐུས་ལྷན་ཚོགས་ནང་ལ་ཚོགས་ཆུང་བསྐོ་གཞག་གནང་རྒྱུ་དེའང་དཀའ་ལས་ཁག་ཤོས་ཤིག་རེད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ཡིན་ནའང་རེད། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཡིན་ནའང་རེད། ཚོགས་གཙོ་གཉིས་ལ་དཀའ་ངལ་ཡོང་གི་འདུག ད་རེས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནང་ལ་འཛུལ་མཁན་དེའང་ཧ་ཅང་གི་ཁག་པོ་བྱུང་། མཐའ་མ་དེར་འབོད་བསྐུལ་ཞུ་གིན་ཞུ་གིན་ཚོད་དཔག་འཆར་རྩིས་ཚོགས་ཆུང་དེ་ཚུགས་ཐུབ་པ་ཞིག་བྱུང་ཡོད། ཁོང་རྣམ་པས་ཕྱག་ལས་ཡིན་ནའང་ཞིབ་ཚགས་པོ་དང་ཧ་ཅང་གི་ཡག་པོ་གནང་འདུག ད་རེས་ཀྱི་སྔོན་རྩིས་དེ་ལས་ཁུངས་རིམ་པ་བཞིན་དུ་མཐིལ་ཕྱིན་པ་གནང་བ་དང་། དེའི་རྗེས་ལ་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཡིན་ནའང་ཧ་ལས་པས་རུ་ངར་ཞིབ་ཚགས་གནང་འདུག་ལ། ད་རེས་ང་ཚོ་གཏན་འབེབས་གནང་ཐུབ་པ་བྱུང་བ་རེད། དེར་བརྟེན་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལའང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་རེས་ཀྱི་གྲོས་ཚོགས་འཚོགས་ལ་ཉེ་བའི་དུས་ཚོད་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྔོན་འགོག་གི་ཆེད་དུ་མཐུན་འགྱུར་ཧ་ཅང་ཡག་པོ་གནང་སོང་། དེ་ནང་བཞིན་ཕྱི་དྲིལ་སྒྲ་བརྙན་ཚན་པ་རེད། བདེ་སྲུང་ལས་ཁུངས་རེད། གང་ལྟར་མཐུན་འགྱུར་གནང་མཁན་ཚང་མར་སྡིངས་ཆ་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

ད་ལོ་ང་རང་ཚོ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ལོ་འཁོར་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་ཡི་ཡོད་པ་རེད། བཀའ་དྲིན་རྗེས་དྲན་གྱི་ལོ་འདིའི་ནང་ལ་ང་རང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་༸རྒྱལ་བའི་བཀའ་དགོངས་གང་ཐུབ་བསྒྲུབ་རྒྱུ་གཅིག་དང་། མཐུན་ལམ་གོང་བུ་གཅིག་ཏུ་སྒྲིལ་བའི་ཐོག་ནས་རྩ་དོན་ཁོ་ནའི་ཆེད་དུ་དུས་ཚོད་གཏོང་ཐུབ་རྒྱུ་ཞིག དོན་མེད་ང་རང་ཚོའི་སྤྱི་ཚོགས་ནང་ལ་དཀྲོག་རྐྱེན་བཟོ་རྒྱུའི་རིགས་དེ་སུ་ལའང་དགོས་ཀྱི་ཡོད་པ་མ་རེད། མི་དགོས་པ་དེ་ང་ཚོས་དང་ལེན་མ་གནང་བར་རྒྱང་རིང་དུ་དོར་བའི་ཐོག་ནས་གང་ལྟར་དུས་ཚོད་ཅི་འདྲ་ཞིག་ཡོད་པ་ཡིན་ནའང་བོད་སྤྱི་པའི་རྩ་དོན་གྱི་ཆེད་དུ་ག་རེ་གནང་དགོས་པ་འདུག ནུས་པ་ཅི་ཞིག་འདོན་ཐུབ་རྒྱུ་འདུག འདི་ཚོའི་ཐོག་ལ་ནུས་པ་སྤུངས་ཐུབ་རྒྱུའི་འབོད་བསྐུལ་ཞུ་ཡི་ཡོད།

དེ་ནས་ད་རེས་ཏོག་དབྱིབས་ནད་ཡམས་དེས་རྐྱེན་བྱས་ནས་གང་ལྟར་འཛམ་བུ་གླིང་སྤྱི་ཡོངས་ལ་དཀའ་ངལ་ཚབས་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་ཙང་དེ་ལྟ་བུའི་ནད་ཡམས་དེ་མགྱོགས་ནས་མྱུར་དུ་འཇིག་རྟེན་འདི་ནས་ཡལ་འགྲོ་རྒྱུ་ཞིག་དང་། མ་འོངས་པར་དེ་རིགས་མི་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱི་གྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན།།