དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་དབུས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་གསར་པར་འཚམས་འདྲི་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༠ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་བློན་ཆེན་ཟུར་པ་སྐུ་ཞབས་ཇགཱཏ་ པརྐཤ་ ན་ཌཱ་ (Shri Jagat Prakash Nadda) མཆོག་རྒྱ་གར་སྲིད་དོན་ཚོགས་པ་ཆེ་ཤོས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་ཐེངས་ ༡༤ པར་བསྐོ་གཞག་གནང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།

འཚམས་འཕྲིན་ནང་འཁོད་དོན། སྐུ་ཞབས་ཁྱེད་ཀྱིས་ལོ་མང་རིང་རྒྱ་གར་གྱི་ཆབ་སྲིད་སྤྱི་དང་། ལྷག་པར་དུ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ནང་ཞབས་ཕྱི་ཞུས་གནང་ཡོད། ཁྱེད་ནི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ལས་དོན་ཚོགས་གཙོ་མིག་དཔེར་འོས་པ་ཞིག་ཡིན་པར་བརྟེན། ད་རེས་ཁྱེད་ཉིད་ཚོགས་གཙོར་འདེམས་བསྐོ་གནང་བ་དེས་ཁྱེད་ཀྱི་ཁྱད་དུ་འཕགས་པའི་འགོ་འཁྲིད་ཀྱི་ནུས་པ་དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་ངོས་ནས་ཁྱེད་ལ་ཡིད་ཆེས་བློས་འགེལ་ཆེན་པོ་གནང་གི་ཡོད་པ་གསལ་པོ་མཚོན་གྱི་ཡོད།

དེ་བཞིན་ཁྱེད་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་ཡོད་མཁན་ཞིག་དང་། མགོན་པོ་གང་གི་རྗེས་འཇུག་པ་ཞིག་ཡིན་པ་མ་ཟད། བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན། དེ་སྔོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་རྒྱལ་ས་ལྡི་ལི་དང་། རྡ་སར་སྐུ་ཞབས་ཁྱེད་ཐེངས་ཁ་ཤས་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་ཐོབ་ཡོད།

སྐུ་ཞབས་ཁྱེད་ཀྱིས་བོད་པའི་འཐབ་རྩོད་སྐོར་གསལ་པོ་མཁྱེན་གྱི་ཡོད་སྟབས། ཁྱེད་ཀྱི་འགོ་འཁྲིད་འོག ཁྱེད་དང་ཁྱེད་ཀྱི་སྲིད་དོན་ཚོགས་པས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་སྟེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། དེ་བཞིན་ང་ཚོས་རྒྱ་ནག་གཞུང་གི་འགོ་འཁྲིད་དང་། ༧གོང་ས་མཆོག་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད། དེ་ཡང་ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་ཡོད་པ་རེད། ང་ཚོས་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་ལ་ཁྱེད་ཀྱིས་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་རེ་བ་ཡོད།

ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། རྒྱ་གར་གཞུང་མང་གཉིས་ཀྱིས་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་འཐབ་རྩོད་དང་། བོད་མིར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། སླར་ཡང་ངས་ཁྱེད་ཀྱིས་ཚོགས་གཙོ་གནང་བའི་རིང་ཁྱེད་དང་། ཁྱེད་ཀྱི་སྲིད་དོན་ཚོགས་པའི་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་གནང་འདུག་པ་བཅས། །

འཚམས་འདྲིའི་གསུང་འཕྲིན། འདིར་གཟིགས་དང་།