དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་མཇུག་སྡོམ་མཛད་སྒོའི་ཐོག་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༩ ཉིན་རྒྱབ་ཆུ་ཚོད་ ༡།༠༠ ཐོག་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་མཇུག་སྡོམ་མཛད་སྒོར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད་གནང་དོན། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ༧གོང་ས་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་སོང་བའི་ཐོག དེ་རིང་འདི་གར་ཆོས་ཚོགས་ཐེངས་ ༡༤ པའི་ཐོག་ཆིབས་བསྒྱུར་བསྐྱངས་པའི་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་བླ་སྤྲུལ་ཆེ་ཁག་རྣམ་པ། ཧི་མཱ་ལ་ཡ་རི་རྒྱུད་ཀྱི་བླ་སྤྲུལ་སྐུ་ཚབ་རྣམ་པ། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་དང་བཀའ་ཟུར་རྣམ་པ། བཙན་བྱོལ་དུ་རྟེན་གཞི་བྱས་པའི་རིས་མེད་བོད་ཀྱི་གདན་ས་ཆེ་ཁག་གི་མཁན་རིན་པོ་ཆེ་རྣམ་པས་དབུས་མཁན་པོ་རྣམ་པ། སྣེ་འཛིན་སློབ་དཔོན། འགན་འཛིན་སྐུ་ཚབ་རྣམ་པ། རིས་མེད་བཙུན་དགོན་ཁག་གི་སྐུ་ཚབ་རྣམ་པ་བཅས་ལ་མཇུག་བསྡོམས་ཀྱི་མཛད་སྒོ་འདི་ཐོག་ལ་ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གུས་པ་ཆེན་པོས་འཚམས་འདྲིའི་བཀྲིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།

ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་གཙོས་སྐུ་ཚབ་རྣམ་པ་དང་འབྲེལ་ཡོད་ཆོས་བརྒྱུད་སོ་སོའི་ལས་ཀྱི་སྣེ་མོ་བ་ཚང་མ་འདི་ལྟར་ཡང་ཡང་འཛོམས་རྒྱུ་བྱུང་བ་ནི་༸རྒྱལ་བའི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་ཡང་ཆོས་བརྒྱུད་སོ་སོས་གཙོས་པའི་བསྟན་འགྲོ་སྤྱི་ལ་ཕན་པ་ཡོང་ཕྱིར་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་སྐབས་དུས་སོ་སོར་ལྷན་འཛོམས་གནང་སྲོལ་ཞིག་བྱུང་བ་ནི་བསྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ༸གོང་ས་མཆོག་གིས་དུས་རྒྱུན་དུ་ནས་ཆོས་བརྒྱུད་ནང་ཁུལ་མཐུན་སྒྲིལ་དགོས་རྒྱུ་དང་ཡང་སྒོས་སུ་ང་ཚོའི་ལས་ཀ་མང་པོ་ཞིག་ཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་གནང་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་གསུངས་གནང་བའི་བཀྲིན་ལ་བརྟེན་ནས་སྔར་བྱུང་མ་མྱོང་བའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པ་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩི་དང་ཤ་ཞེན་ལྡན་ཞིང་། ལྷག་པར་དུ་བསྟན་འགྲོ་སྤྱི་དང་ཡང་སྒོས་བོད་གངས་ཅན་པའི་རྩ་དོན་གྱི་ཐོག་ལ་ཐུག་སྐབས་ཚང་མས་སེམས་ཤུགས་བསྐྱེད་དེ་རྡོག་རྩ་ཆིག་སྒྲིལ་གྱི་རྣམ་པ་ཤུགས་ཆེ་མངོན་གསལ་དུ་སྣང་རྒྱུ་ཡོད་པ་ནི་ཆེས་དགའ་འོས་པའི་གནད་དོན་ཞིག་རེད།

ཆོས་ཚོགས་ཐོག་མའམ་ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༡༩༦༣ ལོར་ཚོགས་པ་ནས་བཟུང་ད་བར་ཆོས་ཚོགས་ཐེངས་ ༡༣ རིམ་ཚོགས་ཟིན་པ་ལྟར། ཆོས་ཚོགས་སོ་སོའི་ཐོག་གྲོས་ཆོད་སྣོལ་འཇོག་ཡོད་པ་དེ་དག་དང་ལྷག་པར་དུ་ཚོགས་ཆེན་ཚང་མའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་གསུང་གི་འདུད་རྩི་རིམ་ཕེབས་ཡོད་པ་རྣམས་ཚང་མས་ཕྱག་ལེན་གནང་གི་ཡོད་ཤག་གི་ཡིད་ཆེས་གཙང་མ་ཞུ་བཞིན་ཡོད་ལ་གནང་དགོས་ཀྱི་ཡང་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཚོགས་སྔ་རྗེས་སུ་བཀའ་སློབ་མང་དག་གནང་ཡོད་པའི་ཁོངས་ནས་གལ་གནད་ཆེ་བ་ཁག་ཅིག་ཟུར་འདོན་ཞུས་པ་འདི་ལྟར།

༡       རང་རེ་བོད་སྤྱིའི་སྲིད་དོན་ལ་དུས་འགྱུར་དཀའ་ངལ་ཆེན་པོ་ཞིག་བྱུང་ཡོད་ཀྱང་དཀའ་ངལ་དེ་སེལ་མི་ཐུབ་པ་མ་ཡིན། སྲིད་དོན་དེ་ཡང་སྲིད་རྐྱང་པ་མ་ཡིན་པར་ཆོས་དང་འབྲེལ་བ་ཡོད་པ་མ་ཟད། རྩ་བ་ཆོས་ཀྱི་རང་བཙན་སྐོར་ལ་ཐུག་ནས་ཡོད། བསྟན་པ་གནས་པའི་རྒྱུ་བོད་འབངས་སྤྱིའི་བསོད་ནམས་དང་། སྟོན་པའི་ཐུགས་བསྐྱེད་ནུས་ཅན་དུ་ཡོད་པའི་ཐོག་དེའི་ལྷན་ཅིག་བྱེད་རྐྱེན་ལྟ་བུར་ཕྱོགས་གཅིག་ནས་སྲིད་དོན་གྱི་ཐབས་ཤེས་བྱེད་པ་དང་། གཉིས་ནས་བསྟན་པ་སྒོས་ཀྱི་མིང་འཁུར་འཛིན་པའི་དགེ་འདུན་རྣམས་ནས་ཐབས་ཤེས་འབད་བརྩོན་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།

༢       བསྟན་པ་མང་ཚོགས་ཀྱིས་འཛིན་དགོས་པ་ལས་མཁས་གྲུབ་རེ་ཟུང་ཁུག་ཀྱོག་ཏུ་འགྱིངས་ནས་བསྡད་པས་ཕན་པ་མེད། དེར་བརྟེན་རྒྱ་ཆེའི་བོད་མི་མང་ཚོགས་ཀྱི་ཁྲོད་དུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ།

༣       ཕ་མ་བྱེད་པའི་མི་མང་བྱིངས་ལ་ཆོས་ཀྱི་བསམ་བློ་དང་དྲི་མ་མེད་ན་བུ་ཕྲུག་ཆུང་ངུ་ཚོར་ཆོས་ཀྱི་བག་ཆགས་གོས་མི་ཐུབ། ཡང་སྒོས་སུ་སློབ་གྲྭའི་ནང་ཆོས་ཕྱོགས་ཀྱི་གྲ་སྒྲིག་འཐུས་ཚང་མ་བྱུང་ཕྱིན་བུ་བརྒྱུད་ཚོར་དཀའ་ངལ་འབྱུང་རྒྱུ་མཐོང་ཆོས་དེ་རང་རེད། དེར་བརྟེན་བོད་མི་མང་ཚོགས་བྱིངས་ལ་ཆོས་ཀྱི་གནས་ལུགས་སློབ་སྟོན་འགྲེལ་བཤད་བྱེད་པ་དང་། སློབ་གྲྭ་ཁག་ལ་གཞི་གསུམ་གྱིས་མཚོན་གཞི་རྩའི་ནང་པའི་ཆོས་ཀྱི་གནས་ལུགས་རྣམས་དམིགས་ཕུག་པའི་སློབ་སྟོན་བྱ་རྒྱུ་ཤིན་ཏུ་གལ་ཆེ།

༤      ང་ཚོ་བཙན་བྱོལ་བ་ཆགས་པའི་ཉིན་དང་པོ་ནས་བཟུང་། ང་ཚོས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སོགས་བོད་མི་རིགས་ཀྱི་རྣམ་པ་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་པོར་བརྩིས་ཡོད།

༥       ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་འཛིམ་གླིང་སྤྱིའི་ལས་འགན་ལྟ་བུ་ཆགས་ཡོད་པ་ལྟར། བླ་ཆེན་རྣམ་པ་ཚོས་བོད་ནང་འབྲེལ་བ་གནང་སྐབས་མང་ཚོགས་ཀྱི་ཤེས་ཡོན་དང་། འཕྲོད་བསྟེན། ཁོར་ཡུག་བཅས་ཀྱི་སྐོར་ལ་དོ་སྣང་བྱེད་དགོས་པའི་བཀའ་སློབ་མང་ཙམ་གནང་ཐུབ་ན་དེ་ལ་གནད་འགག་ཡིན་པ།

༦       ཆོས་བརྒྱུད་ཕན་ཚུན་དད་དམ་གཡོ་མེད་དང་མཐུན་སྒྲིལ་ཡག་པོ་ཞིག་དགོས་པ་མ་ཟད། ཆོས་བརྒྱུད་སོ་སོའི་རང་གཞུང་གཞིར་བཞག་པའི་ཐོག་གཞུང་གཞན་དག་ཇི་ཙམ་མང་བ་གཟིགས་ཐུབ་ན་ལེགས་པོ་ཡོད་པ།

༧ གཞན་ཡང་དཔལ་ནཱ་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པར་བསླབ་པ་སློབ་གཉེར་གནང་རྒྱུ་གལ་ཆེན་ཡིན་པ་ལ་སོགས་པའི་སྐོར་བཀའ་སློབ་གསུང་གི་བདུད་རྩིའི་བྱིན་རླབས་ཅན་མང་དག་ཅིག་མཛད་གནང་ཡོད་པ་དེ་དག་ཆོས་བརྒྱུད་སོ་སོའི་འཁུར་འགན་བཞེས་མཁན་ཚོས་མུ་མཐུད་ཐུགས་སྣང་དང་ཕྱག་བསྟར་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༡༡ ལོའི་ཆོས་ཚོགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸སྐུའི་ཡང་སྲིད་ངོས་འཛིན་སྐོར་གསུང་འཕྲིན་ཞིག་ཕེབས་ཡོད་པར་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོས་རྒྱབ་གཉེར་དང་སྦྲགས་གཏན་འབེབས་མཛད་གནང་ཐུབ་པ་ནི་ཤིན་ཏུ་བསྔགས་འོས་སུ་གྱུར་ཡོད་ཅིང་།  ད་རེས་ཀྱང་ཆོས་ཚོགས་ཐེངས་ ༡༤ པ་འདིའི་ཐོག་ཉིན་དང་པོ་རང་དུ་༸རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་མུ་མཐུད་ངེས་འབྱོན་དགོས་པའི་བཅོས་མིན་གསོལ་འདེབས་དང་། དེ་ཡང་ཡང་སྲིད་ཕེབས་ཕྱོགས་ཐད་ཐག་གཅོད་གནང་རྒྱུའི་འགན་དབང་༸རྒྱལ་དབང་ཉིད་ཁོ་ནར་ཡོད་པ་ལས་གཞན་སྲིད་གཞུང་ལ་སོགས་སུ་ལའང་མེད་པ། དེ་ཡང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཡང་དག་ལ་བརྟེན་ཅིང་མི་ལོ་བརྒྱད་བརྒྱ་ལྷག་ཙམ་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ལྟར་ངོས་འཛིན་བྱ་རྒྱུའི་སྤྱི་མོས་ཀྱིས་དམིགས་བསལ་གྲོས་ཆོད་སྣོལ་འཇོག་གནང་བར་རྣམ་པ་ཚང་མར་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཞེས་ཞུ་རྒྱུ་ཡིན།

གཞན་ཡང་ཆོས་ཚོགས་འདིར་གྲོས་གཞི་དང་པོའི་ཐད་གྲོས་ཆོད་གྲངས་ ༡༤ དང་། གྲོས་གཞི་གཉིས་པའི་ཐད་གྲོས་ཆོད་གྲངས་ ༤ གྲོས་གཞི་གསུམ་པའི་ཐད་གྲོས་ཆོད་གྲངས་ ༥ གྲོས་གཞི་བཞི་པའི་ཐད་གྲོས་ཆོད་གྲངས་ ༧ གྲོས་གཞིར་མ་འཁོད་པའི་གནད་དོན་ཐད་གྲོས་ཆོད་ ༢ བཅས་ཁྱོན་གྲོས་ཆོད་གྲངས་ ༣༢ སྣོལ་འཇོག་དང་ད་ལྟ་རང་ཟུར་རྒྱན་གྲོས་ཆོད་བཅས་འཇོག་གནང་མཛད་འདུག་པ་ལྟར་སླད་མར་ཕྱག་ལེན་དུ་ངེས་བསྟར་དགོས་པའི་བསྐུལ་མ་ནན་ཆེར་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་དང་། ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱང་དེ་དེ་བཞིན་གྱིས་༸སྐུ་ཚེ་ཡུན་རིང་གནས་ཤིང་མཛད་འཕྲིན་ཕྱོགས་བཅུ་མཚམས་བརྒྱད་དུ་དར་ཞིང་རྒྱས་པ་དང་། བོད་འབངས་ཡོངས་ཀྱིས་རིང་ནས་སྙིང་དུ་བརྣག་པའི་བདེན་དོན་མྱུར་དུ་གསལ་བར་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་གསུངས་གནང་སོང་བ་བཅས། །