དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༩ པའི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༣ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་འོག་བཞུགས་སྒར་རྡ་ས་གངས་སྐྱིད་ཐང་སྟེང་ཁང་རྩེག་གསར་པའི་རྩེ་ཐོག་ཚོགས་ཁང་ནང་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༩ པའི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་དཔལ་ལྡན་ཁྲིམས་ཞིབ་ཆེ་བ་མཆོག གཞན་ཡང་ཁྲིམས་ཞིབ་པ་གཞན་རྣམ་གཉིས། དཔལ་ལྡན་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཐུས་སྤྱི་འཐུས་པདྨ་བདེ་ལེགས་མཆོག་དང་ཚོགས་གཙོ་རྣམ་རྒྱལ་ཚེ་རིང་ལགས། ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་གཙོ་རྣམ་པ་དང་། དྲུང་ཆེ་རྣམ་པ་སོགས་ཚང་འཛོམས་ཀྱིས་མཛད་སྒོ་དབུ་འཛུགས་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་དོན། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མཉམ་འབྲེལ་གྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༩ པའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་པའི་ཁྲིམས་ཞིབ་པ་གཞན་རྣམ་པ་གཉིས། དཔལ་ལྡན་བཀའ་བློན་རྣམ་པ། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་ཚོགས་གཞོན། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་ཟུར་པ་དང་འགན་འཐུས་སྤྱི་འཐུས་པདྨ་བདེ་ལེགས་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ཕྱག་སྦྲེལ་སྤྱི་འཐུས་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་རྣམ་པ། ས་གནས་མཉམ་འབྲེལ་ཁག་གི་ཚོགས་གཙོ་དྲུང་ཆེ་རྣམ་པ་བཅས་ལ་ཐོག་མར་ངས་མཛའ་བརྩེ་ཆེན་པོའི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་མིའི་མཉམ་འབྲེལ་ཁག་ནི་བོད་མིའི་སྤྱི་མཐུན་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁེ་ཕན་ངེས་ཅན་ཞིག་བསྒྲུབ་རྒྱུའི་སླད་དུ་རང་དབང་དང་འདྲ་མཉམ་གྱི་སྒོ་ནས་དང་བླངས་ཀྱིས་འཛུལ་ཞུགས་དང་མང་གཙོའི་སྟངས་འཛིན་བྱས་པའི་ཚོགས་པ་ཞིག་ཡིན་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་བོད་མིའི་སྡོད་སྒར་ཕལ་མོ་ཆེའི་ནང་གནས་ཡུལ་ས་གནས་སོ་སོའི་ཁྲིམས་ལུགས་ཀྱི་འོག་མཉམ་འབྲེལ་ཚོགས་པ་ (Cooperative Society) གསར་འཛུགས་གནང་ཡོད་པ་དང་། ལས་རིམ་འདི་ཧ་ཅང་གལ་ཆེར་བརྩིས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་སྐབས་མཉམ་འབྲེལ་གྱི་ལས་དོན་སྐོར་དོན་ཚན་ཟུར་དབྱེ་གནང་སྟེ་བཅའ་ཁྲིམས་དུའང་ཆ་རྐྱེན་སྩལ་ཡོད་པ་དེ་དག་གནས་སྐབས་ཁྲལ་ཆག་དང་། སྐྱེད་ཆུང་བུན་གཡར་སོགས་དཔལ་འབྱོར་དང་ཁྲིམས་ལུགས་ཀྱི་ཁེ་ཕན་ཙམ་ཁོ་ནར་དམིགས་པ་ཞིག་མ་ཡིན་པར། ནམ་ཕུགས་འཚེ་བ་དང་འགྲན་བསྡུར་གྱིས་མ་བསླད་པའི་དཔལ་འབྱོར་གྱི་ལམ་སྲོལ་དང་གོམས་གཤིས་བཟང་པོ་ཞིག་བསྐྲུན་རྒྱུའི་ཕུགས་དམིགས་བཅངས་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་བདུན་པ། “བོད་མིའི་གནས་ཡུལ་ས་གནས་ཁག་གི་སྒྲིག་འཛུགས།” དོན་ཚན་དོན་གཅིག་པ་ “བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་གནས་སྡོད་བོད་མིའི་སྒྲིག་འཛུགས།” ཞེས་པའི་ཁོངས་ནས་མཉམ་འབྲེལ་དེ་སྒྲིག་འཛུགས་ཤིག་ཆགས་བསྡད་ཡོད། མཉམ་འབྲེལ་ཁག་གི་བདག་དབང་དང་འཛིན་སྐྱོང་བྱ་ཕྱོགས་བཅས་ཀྱི་སྐོར་བཅའ་ཁྲིམས་དོན་ཚན་གོ་གསུམ་པར། “བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་བདག་པོ་ནི་མ་སྐལ་ཡོད་པའི་ས་གནས་བོད་མིའི་མཉམ་འབྲེལ་ཁག་དང་། ས་གནས་བོད་མིའི་མཉམ་འབྲེལ་ཁག་གི་བདག་པོ་ནི་དེའི་མ་སྐལ་བདག་པོ་རྣམས་ཡིན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མཉམ་འབྲེལ་ཁག་གི་གྲུབ་འབྲས་ཁེ་འབབ་ཇི་ཡོད་ནས་སྒྲིག་གསལ་ལྟར་མ་འོངས་འདུ་འགོད་ཀྱི་ཆེད་ཟུར་བཅད་ཕུད། དེ་འཕྲོས་མ་སྐལ་བདག་པོའམ་རང་ཁོངས་མི་མང་རྣམས་ཀྱི་ཁེ་ཕན་ཁོ་ནའི་ཆེད་གཏོང་དགོས། མཉམ་འབྲེལ་གྱི་མ་སྐལ་བདག་པོ་དང་། ས་གནས་འཐུས་མིའི་ཚོགས་འདུ། ས་གནས་འགོ་འཛིན་བཅས་ལ་མཉམ་འབྲེལ་གྱི་ལས་དོན་དང་། བྱེད་འཆར་སྐོར་གསལ་བསྒྲགས་དང་། གོ་བསྡུར་ཡང་ཡང་བྱེད་དགོས།” ཞེས་འཁོད་ཡོད་པ་ལྟར་ཕྱག་བསྟར་གནང་གི་ཡོད་པའི་རེ་བ་དང་ཡིད་ཆེས་ཡོད།

རྩ་བའི་ས་གནས་མཉམ་འབྲེལ་ཁག་ཡོངས་སུ་རྫོགས་པ་གནས་ཡུལ་རྒྱལ་ཁབ་ཀྱི་ས་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཡོད་པ་ཤ་སྟག་ཡིན་པ་དང་། དེ་ཡང་དེ་སྔ་ཡིན་ན་ས་གནས་མཉམ་འབྲེལ་གྱི་ཚོགས་གཙོ་དང་ས་གནས་འགོ་འཛིན་གཅིག་ལྕོགས་ཡིན་ནའང་། ཕྱིས་སུ་བཀའ་ཤག་སྐབས་ ༡༢ པ་ནས་བཟུང་མཉམ་འབྲེལ་ཁག་དང་ས་གནས་འགོ་འཛིན་ལས་ཁུངས་གཉིས་ལོགས་སུ་བཀར་ནས་བཟོས་གནང་བ་རེད།

བཀའ་ཤག་སྐབས་ ༡༢ པའི་སྐབས་བོད་མིའི་གཞིས་ཆགས་ཁག་གི་མཉམ་འབྲེལ་རྣམས་སྤྱི་མཐུན་གྱི་འཛིན་སྐྱོང་གནང་མཁན་འགན་དབང་ལྡན་པའི་སྒྲིག་འཛུགས་ཤིག་འོག་བསྡུས་ཏེ་ཕྱིར་ཚོང་སོགས་དཔལ་འབྱོར་འདུ་འགོད་དང་མཉམ་འབྲེལ་འཛིན་སྐྱོང་ཚགས་ཚུད་གཏོང་རྒྱུ་དུས་ཀྱི་དགོས་མཁོར་མེད་དུ་མི་རུང་བ་དགོངས་ཏེ་ཕྱི་ལོ་ ༢༠༠༥ ལོར་ད་ལྟ་ཡོད་བཞིན་པའི་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དེ་གསར་འཛུགས་གནང་བ་ཞིག་ཡིན། དེའི་དགོས་པ་རྒྱུ་མཚན་ནི་མཉམ་འབྲེལ་ཁག་དེབ་སྐྱེལ་ཡིན་པ་དང་དཔལ་འབྱོར་འདུ་འགོད་ཀྱི་སྡེ་ཚན་ཞིག་ཡིན་པའི་ཆ་ནས་ཡར་རྒྱས་ཚགས་ཚུད་ཡོང་ཕྱིར་འཛིན་སྐྱོང་སྟངས་འཛིན་ལོགས་སུ་ཕྱེས་པ་ཞིག་ཡིན་པ་དང་། ས་གནས་མཉམ་འབྲེལ་ཁག་དེ་དག་ལ་སྤྱི་ཡོངས་ལྟ་རྟོག་དང་འཛིན་སྐྱོང་གནང་མཁན་སྤྱི་མཐུན་མཉམ་འབྲེལ་ཞེས་ལས་ཁུངས་ཨ་མ་ཞིག་གསར་འཛུགས་དེབ་སྐྱེལ་ཞུས་བཞག་པ་ཞིག་རེད།

བོད་མིའི་འདུ་སྡོད་ཁག་གི་ནང་མཉམ་འབྲེལ་ཐོག་མར་གསར་འཛུགས་བྱ་རྒྱུར་མང་ཚོགས་ནས་ངལ་འཁུར་རྐང་ལེན་ཞུ་མ་དགོས་པར་བཙན་བྱོལ་གཞུང་ནས་ཐུགས་འགན་ཆ་ཚང་བཞེས་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མཉམ་འབྲེལ་གསར་འཛུགས་ཞུས་པར་བརྟེན་མཉམ་འབྲེལ་ཤས་བདག་མང་ཚོགས་ནས་མཉམ་འབྲེལ་གྱི་ལྟ་གྲུབ་དང་ཁྲིམས་སྒྲིག་སོགས་ལ་ཐུགས་སྣང་ཉམས་ཞིབ་དང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་སམ་འགན་འཁུར་རྐང་ལེན་ཞུ་དགོས་པ་བྱུང་མེད་སྟབས། མཉམ་འབྲེལ་གྱི་ལྟ་གྲུབ་རིན་ཐང་བྲལ་བ་ཞིག་ཡིན་པ་དང་མཉམ་འབྲེལ་གྱི་ལས་དོན་ཆེ་ཕྲ་མཐའ་དག་ཤས་བདག་མང་ཚོགས་རང་ནས་ཁེ་ཡོད་ཐོབ་ཐང་བསྒྲུབ་བྱའི་ལས་འགན་འགྲུབ་དགོས་ཇི་ཡོད་ཤས་བདག་མང་ཚོགས་རང་ཉིད་ཀྱི་བསྒྲུབ་བྱ་ཡིན་པ་ཞིག་དུས་ད་ལྟའང་ཡིད་ཆེས་ངེས་རྙེད་ཐུབ་པ་ཞིག་བྱུང་ཡོད་བཟོ་མི་འདུག་པས་མཉམ་འབྲེལ་གྱི་ལྟ་གྲུབ་དང་ཁྲིམས་སྒྲིག་འགྲོ་ལུགས་སོགས་ཀྱི་ཐད་ཤས་བདག་མང་ཚོགས་ལ་སློབ་སྦྱོང་སྤྲོད་རྒྱུ་ཧ་ཅང་གི་གལ་ཆེ་མཐོང་བ་ལྟར། སྤྱི་མཐུན་མཉམ་འབྲེལ་གྱིས་ས་གནས་མཉམ་འབྲེལ་ཁག་སྲ་བརྟན་དང་ཡར་རྒྱས་ཡོང་ཕྱིར་མཉམ་འབྲེལ་ཁག་གི་ལས་བྱེད་དང་ཤས་བདག་མང་ཚོགས་རྣམས་ལ་དུས་ནས་དུས་སུ་མཉམ་འབྲེལ་གྱི་ལྟ་གྲུབ་དང་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཐོག་ཟབ་སྦྱོང་ལ་སོགས་པའི་མཐུན་འགྱུར་སྦྱར་དང་སྦྱོར་བཞིན་ཡོད་པ་ནི་བསྔགས་འོས་སུ་མཐོང་།

ཡིན་ནའང་། བོད་མིའི་འདུ་སྡོད་ས་གནས་ཁག་ཅིག་གི་ནང་སྤྱི་མཐུན་མཉམ་འབྲེལ་འོག་མ་ཚུད་པའི་མཉམ་འབྲེལ་ལྟ་བུའི་དཔལ་འབྱོར་འདུ་འགོད་ཀྱི་སྡེ་ཚན་ཆུང་ཙག་ཁག་ཅིག་ཡོད་འདུག སྡེ་ཚན་དེ་དག་ལས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཐད་ཀའི་འཛིན་སྐྱོང་འོག་ཡོད་པ་དང་མེད་པའི་གནས་སྟངས་སྣ་ཚོགས་པ་ཞིག་ཡོད་འདུག་པ་དེ་དག་ཀྱང་སྲ་བརྟན་དང་ཡར་རྒྱས་ཡོང་ཕྱིར་སྤྱི་མཐུན་མཉམ་འབྲེལ་ངོས་ནས་བུན་གཡར་དང་སྦྱོང་བརྡར་ལ་སོགས་པའི་མཐུན་རྐྱེན་སྐྲུན་གནང་གིས་གཞོགས་འདེགས་གནང་ཐུབ་ཚེ། བོད་མིའི་སྤྱིའི་གནས་སྟངས་དང་ལྷག་པར་དུ་ས་གནས་དེ་གའི་མང་ཚོགས་ས་གནས་དེ་རང་དུ་རྒྱུན་གནས་ཐུབ་པའི་དགེ་མཚན་ཆེ་བ་མངོན་སྟབས་སྤྱི་མཉམ་ངོས་ནས་སྡེ་ཚན་དེ་དག་ལ་མཐུན་འགྱུར་གང་ཐུབ་སྦྱར་ཐབས་དགོས་གལ་མཐོང་། དེས་མ་ཚད་མཉམ་འབྲེལ་དང་ས་གནས་འགོ་འཛིན་ལས་ཁུངས་གཉིས་ལས་དོན་ཞུ་ཕྱོགས་ཀྱི་ཐོག་ནས་གཞི་རྩའི་ཁག་ཁག་ཆགས་ཡོད་ཀྱང་། བོད་མིའི་སྤྱིའི་བདེ་རྩར་གཞིགས་པའི་མཉམ་འབྲེལ་ནས་ས་འགོ་ལས་ཁུངས་སུ་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་མཐུན་འགྱུར་གནང་དགོས།

དེ་གཅིག་ཞུ་རྒྱུ་ཡིན། ས་གནས་ཁ་ཤས་ལ་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་འགོ་འཛིན་མཐུན་པོ་ཞེ་དྲག་འདུག གང་བྱས་ང་ཚོ་ས་གནས་འགོ་འཛིན་ཡིན་པ་ཡིན་ནའང་རེད། ས་གནས་མཉམ་འབྲེལ་ཡིན་པ་ཡིན་ནའང་རེད། ས་གནས་དེའི་མི་མང་གི་བདེ་རྩའི་ཆེད་དུ་བཟོས་པ་ཞིག་ཡིན་ཙང་། མཉམ་རུབ་ཀྱི་ཐོག་ལས་ཀ་བྱས་པ་ཡིན་ན་མི་མང་ལ་ཁེ་ཕན་ཡོང་གི་འདུག་ཟེར་མཁན་དེ་འདྲ་འདུག དེ་ལེགས་པའི་ཆ་རེད། ཡང་ས་གནས་ཁ་ཤས་ལ་ང་ཚོ་རང་སྐྱོང་ཡིན། ས་གནས་འགོ་འཛིན་ལ་གང་ཡང་བསྟུན་དགོས་མེད་ཅེས་ཟེར་ནས་རྒྱབ་འགལ་རང་བྱས་ནས་བཞུགས་བསྡད་མཁན་དེ་འདྲ་འདུག ང་ཚོ་སྤྱི་འཐུས་ཚོ་ས་གནས་ལ་བཅར་བའི་སྐབས་ཚོགས་འདུ་འཚོགས་པའི་སྐབས་སུའང་ས་གནས་འགོ་འཛིན་འོག་ལ་འགྲོ་དགོས་ཀྱི་མེད་ཟེར་ནས་ཚོགས་འདུའི་ཐོག་ལ་མ་བཅར་མཁན་དེ་འདྲ་ཡོང་གི་འདུག དེ་ཚོའི་གྲས་ཏག་ཏག་བསྡད་ཀྱི་ཡོད་མ་རེད་བསམ་གྱི་འདུག གང་བྱས་ས་གནས་གང་དང་གང་ཡིན་པ་དེའི་སྤྱི་ཁྱབ་ལྟ་བུ་དེ་ས་གནས་འགོ་འཛིན་དེ་ཆགས་ཀྱི་ཡོད་རེད། རང་སྐྱོང་ཡིན་པ་ཡིན་ནའང་ས་གནས་འགོ་འཛིན་དེའི་འོག་ལ་གནས་དགོས་ཀྱི་རེད། དོན་ངོ་མ་ངས་ཞུ་རྒྱུ་དེ་གང་ཡིན་ཞེ་ན། ས་གནས་གང་དང་གང་གི་མཉམ་འབྲེལ་ཡིན་པ་ཡིན་ནའང་ས་གནས་དེ་དང་དེའི་ས་གནས་འགོ་འཛིན་གྱི་ཁྱབ་འོག་ཡིན་པ་དེ་གསལ་པོ་མཁྱེན་པ་གནང་དགོས་ཀྱི་རེད། བཅའ་ཁྲིམས་ནང་ལའང་གསལ་པོ་ཡོད་རེད། ས་གནས་འཐུས་ཚོགས་དང་ས་གནས་འགོ་འཛིན་ལ་དུས་ནས་དུས་སུ་ལས་དོན་སྙན་ཞུ་འབུལ་དགོས་པ་ལ་སོགས་པ་འཁོད་ཡོད། དོན་ངོ་མ་མཉམ་འབྲེལ་ཡིན་ནའང་རེད། ས་གནས་འགོ་འཛིན་ཡིན་ནའང་རེད། མཉམ་རུབ་ཀྱི་ཐོག་ནས་སྤྱི་པའི་རྩ་དོན་ཆེད་དུ་ལས་ཀ་གང་བྱེད་དགོས་འདུག གོ་བསྡུར་སྦྱངས་བཤད་གནང་ནས་མཉམ་རུབ་ཀྱི་ནུས་པ་ཇི་ལྟར་སྤུངས་དགོས་པ་སོགས་ཀྱི་ཐོག་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།

བསྡོམས་བརྒྱབ་སྟེ་ཞུས་པ་ཡིན་ན། བཅའ་ཁྲིམས་དགོངས་དོན་གཞིར་བཟུང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མཉམ་འབྲེལ་ཁག་ནས་ཕྱག་ལས་གང་འདྲ་ཞིག་གནང་རུང་མ་སྐལ་བདག་པོ་དོ་བདག་གཞིས་མི་ཚོར་དོན་དམ་གྱི་མཐོང་རྒྱུ་ཡོད་པའི་ཕན་ཐོགས་གྲུབ་ཐུབ་པ་ཡིན་ན་བོད་མིའི་སྒྲིག་འཛུགས་ནས་མཉམ་འབྲེལ་དང་སྤྱི་མཐུན་མཉམ་འབྲེལ་བཙུགས་པ་དེ་བཞིན་གོ་ཆོད་པ་ཞིག་ཆགས་བསྡད་ཡོད།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེར་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས་གནང་ཡོད་པ་བཅས། །