དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་ ༣༠ འཁོར་བའི་རྗེས་དྲན་མཛད་སྒོར་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༦ ཉིན་སྡེ་ར་ལྡུན་དོན་གྲུབ་གླིང་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་དེ་གའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་ལོ་ངོ་ ༣༠ འཁོར་བའི་དགོངས་རྫོགས་རྗེས་དྲན་མཛད་སྒོ་ཞིག་ཚོགས་གནང་ཡོད།

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ས་སྐྱའི་ཁྲི་འཛིན་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་བྱུང་གནས་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག གཞན་ཡང་སྐུ་མགྲོན་དུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག  སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག  རྒྱུད་སྨད་མཁན་ཟུར་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་མཆོག དོན་གྲུབ་གླིང་ས་གནས་ཀྱི་དབུ་འཛིན་སྐྱབས་རྗེ་མཁོ་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚབ་སྤྱི་ཟུར་བསྟན་སྐྱབས་ལགས་སོགས་སྐུ་མགྲོན་མང་དག་ཅིག་དང་། ས་གནས་བོད་རིགས་མི་མང་བཅས་ཚང་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཙོ་མཆོག  ཆོས་རིག་བཀའ་བློན་མཆོག་བཅས་ནས་སྣང་གསལ་མར་མེ་ཞལ་ཕྱེ་དང་སྦྲགས་མཛད་སྒོ་དབུ་འཛུགས་གནང་ཡོད་འདུག

མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དང་།  དེ་བཞིན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག དཔལ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་མཁན་སྤྲུལ་ཆོས་ཀྱི་སྣང་བ་མཆོག  མཁོ་ཆེན་རིན་པོ་ཆེ་མཆོག གདན་ས་བཀྲ་ཤིས་ལྷུན་པོ་བཅས་ཀྱི་གསུང་འཕྲིན་སྐུ་ཚབ་རྣམ་པ་ཚོས་སྒྲོགས་སྦྱང་ཞུས་གནང་འདུག

སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། བཀའ་དྲིན་ཅན་ལ་རྗེས་དྲན་བྱེད་རྒྱུ་དེ་བཟང་པོའི་བྱ་བ་ཞིག་རེད། དེ་འདྲ་སོང་ཙང་དེ་རིང་མདོ་སྨད་ས་གནས་རྒྱུན་ལས་ནས་པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་རྗེས་དྲན་གྱི་མཛད་སྒོ་འདི་ལྟ་བུ་ཞིག་གོ་སྒྲིག་ཞུས་གནང་བར་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་བཅུའི་གོང་ལ་སྤྱི་ནོར་༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་བདེན་དོན་རྩོད་མཁན་གྱི་དཔའ་བོ་ཞིག་རེད་ཅེས་བཀའ་ཕེབས་པ་དེ་ནི་དོན་དམ་གྱི་རྡོ་རྗེའི་ཚིག་གཅིག་ཆགས་བསྡད་ཡོད།

པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་ནང་ནས་པཎ་ཆེན་སྐུ་ཕྲེང་གཞན་རྣམས་བོད་མདོ་དབུས་ཁམས་གསུམ་དུ་ཆོས་ཕྱོགས་ཀྱི་བླ་ཆེན་གལ་ཆེན་ཞིག་ཆགས་བསྡད་ཡོད་པ་རེད། འོན་ཀྱང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་ཆོས་ཕྱོགས་ཙམ་མིན་པར། བོད་མདོ་དབུས་ཁམས་གསུམ་གྱི་ཆབ་སྲིད་དང་། དཔལ་འབྱོར། སྐད་ཡིག རིག་གཞུང་། ཁོར་ཡུག་བཅས་གང་ཕྱིའི་ཐོག་ལ་བཀའ་དྲིན་ཧ་ཅང་ཆེ་བ་ཞིག་ཆགས་བསྡད་ཡོད། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་ཡང་པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་སྒེར་གྱི་དོན་དུ་མ་ཡིན་པར། བོད་མདོ་དབུས་ཁམས་གསུམ་དུ་རྒྱ་མིས་བཙན་འཛུལ་བྱེད་འགོ་བཙུགས་ནས་གཉའ་གནོན་དང་། བཤུ་གཞོག་ལ་སོགས་བཏང་བའི་ཚིག་ཐོ་རིམ་བཀོད་ཀྱིས་སྙན་ཞུ་ཕུལ་བ་ཞིག་ཆགས་བསྡད་ཡོད། གནས་ཚུལ་དེས་རྐྱེན་པས། པཎ་ཆེན་རིན་པོ་ཆེ་མཆོག་མི་ལོ་ ༡༤ ཙམ་བཙོན་ཁང་ནང་བཞུགས་དགོས་བྱུང་བ་དང་། དེའི་སྐབས་མནར་གཅོད་སྡུག་སྦྱོང་ཚད་མེད་མྱངས་དགོས་བྱུང་ཡོད། བཙོན་གྲོལ་ཐོབ་པའི་རྗེས་སུའང་དཔའ་ངར་ཆེན་པོས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་ཀྱི་གནས་བབ་ཐོག་ལ་རྒྱ་ནག་གི་དཔོན་རིགས་རྣམས་ལ་གདོང་དང་གདོང་ཐུག་ནས་བཀའ་མོལ་གནང་ཡོད་པ་མ་ཟད། བོད་མི་ཚོ་ལའང་ལེགས་ཉེས་ཀྱི་བཀའ་སློབ་རབ་དང་རིམ་པར་གནང་ཡོད། འོན་ཀྱང་དུས་མི་རན་པར་སྐུ་ཞིང་ལ་ཕེབས་པ་དེས་བོད་མདོ་དབུས་ཁམས་གསུམ་ལ་རིན་ཐང་བྲལ་བའི་གྱོང་གུད་ཆེན་པོ་ཞིག་ཆགས་ཡོད། ཁོང་ནི་རྒྱ་བོད་དབར་དང་། གཞིས་བྱེས་གཉིས། གཞིས་ཀྱི་བླ་མ་དཔོན་པོ་ལ་སོགས་བར་མཐུད་ཁ་རྒྱག་མཁན་གཙོ་བོ་ཞིག་ཆགས་ཡོད། དེ་འདྲ་ཡིན་དུས་ཁོང་གི་བཀའ་སློབ་ལམ་སྟོན་དང་། སྐུ་ལས་བསྐྱོན་བཞག་པ་དེ་དག་རྗེས་སུ་དྲན་པའི་ཐོག་ནས་མཇུག་སྐྱོང་གནང་རྒྱུ་དེ་ང་ཚོའི་ལས་འགན་ཆགས་ཡོད། ལྷག་པར་དུ་ང་རང་ཚོ་བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་མཁན་ཚོར་དམིགས་བསལ་གྱི་འགན་ཡོད།

ང་ཚོ་བོད་མི་ནང་ཁུལ་ཚིག་སྟོང་པའི་འོག་ཏུ་མ་ལྷུང་བར་རྡོག་རྩ་གཅིག་ལ་སྒྲིལ་བའི་ཐོག་ནས་རྩ་དོན་ཐོག་ནུས་པ་འབུངས་དགོས་ཞེས་ལ་སོགས་པའི་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་གཙོས་པའི་སྐུ་མགྲོན་ཁག་ཅིག་གིས་གསུང་བཤད་གནང་ཡོད་པ་བཅས། །