དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ༡༠ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔ་ཐུན་མོང་ནས་སྦེང་ལོར་གྲོང་ཁྱེར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཀར་ན་ཀྲ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན།

ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད་བླང་དོར་ལམ་སྟོན་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་ཀར་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་མཛད་སྒོའི་ཐོག་ལ་ཆིབས་བསྒྱུར་གནང་མཁན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམ་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་གཞུང་འབྲེལ་སྒྲིག་འཛུགས་ཁག་གི་དབུ་ལས་རྣམ་པ། དེ་རིང་གི་སྐུ་མགྲོན་གཙོ་བོ་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཀུ་མ་ར་སི་ཝ་མེ་ (H. D. Kumaraswamy) མཆོག མངའ་སྡེའི་སྤྱི་ཁྱབ་དྲུང་ཆེའི་སྐུ་ཚབ། གཞན་ཡང་མངའ་སྡེ་དེར་གནས་པའི་བོད་མི་རྣམས་དང་། བོད་དོན་དང་འབྲེལ་བའི་གྲོགས་པ་རྣམ་པ་བཅས་ཚང་མ་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་གོང་དུ་ཞུས་པ་གཞིར་བཟུང་ བོད་ལ་དུས་འགྱུར་བྱུང་བའི་རྗེས་ང་ཚོ་བཙན་བྱོལ་ནང་གྱར་ནས་ལོ་ངོ་དྲུག་ཅུ་ལ་ཉེ་བ་ཆགས་ཀྱི་ཡོད་རེད དུས་ཚོད་དེའི་རིང་ལ་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ཟེར་བ་དེ་འཛམ་གླིང་ཐོག་སྙན་པར་གྲགས་པ་བྱུང་བ་གཅིག་དང་། ཕྱོགས་གཞན་ཞིག་ནས་རྒྱ་གར་དབུས་གཞུང་དང་མང་ཚོགས། དེ་བཞིན་མངའ་སྡེ་སོ་སོའི་གཞུང་དང་མང་ཚོགས་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་རྒྱ་གར་ནང་མངའ་སྡེ་བཅུ་གྲངས་གཅིག་ནང་ལ་བོད་མིའི་གཞིས་ཆགས་བཙུགས་ཡོད་པ་དང་། མངའ་སྡེ་ཁག་ཅིག་མ་གཏོགས་ཚང་མའི་ནང་བོད་པ་ཁ་འཐོར་ཏེ་གནས་བསྡད་པའི་གནས་སྟངས་ཆགས་ཡོད།

ང་ཚོ་ཐོག་མར་བཙན་བྱོལ་ལ་གྱར་ཡོང་དུས། ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པའི་གནས་སྟངས་དེ་འདྲའི་འོག་རྒྱ་གར་གཞུང་མང་གཉིས་ཀྱི་ཐོག་ནས་དམིགས་བསལ་མཐུན་འགྱུར་རོགས་མགོན་གནང་བ་དང་། ལྷག་པར་དུ་ཀར་ན་ཊ་ཀ་མངའ་སྡེ་དེར་མཚོན་པ་ཡིན་ན་བཙན་བྱོལ་གྱི་མི་འབོར་མང་ཤོས་ཤིག་དང་། དེ་བཞིན་གདན་ས་ཆེན་པོ་གསུམ་གྱིས་མཚོན་པའི་ཆོས་སྡེ་ཆེ་ཁག དེ་འདྲའི་ཐོག་ནས་བསླབ་པ་སློབ་གཉེར་གནང་སྟེ། དེང་སང་འཛམ་གླིང་ཐོག་དམིགས་བསལ་ཕན་ཐོགས་ཐུབ་པའི་གྲུབ་འབྲས་ཐོན་ཐུབ་པ་བྱུང་ཡོད། དེ་ནི་མངའ་སྡེ་དེའི་ཐུན་མོང་མ་ཡིན་པའི་མཐུན་རྐྱེན་སྦྱར་བའི་བཀའ་དྲིན་ཆགས་བསྡད་ཡོད་དུས། དེ་རིང་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་མངའ་སྡེའི་དེའི་གཞུང་མང་གཉིས་དང་། ལྷག་པར་དུ་དེ་རིང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འདིར་ཕེབས་ཡོད་དུས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་རྣམ་པ་ཚོ་ཚང་མས་མཁྱེན་བསྡད་ཡོད་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་གསུང་ཡག་ཅིག་ལ། བོད་པ་ཐོག་མར་ཨ་རིར་སླེབས་པའི་དུས་ཚོད་དེར། ཨ་རིའི་རྒྱལ་ཁབ་ནང་བོད་པ་ཚུར་ལེན་མཁན་གྱི་འབྲེལ་ཡོད་དེ་ཚོས། ལས་གཞི་དེ་བོད་པ་རང་ལ་ཕན་ཐོགས་ཡོང་རྒྱུ་གཅིག་པུའི་ཆེད་དུ་མིན་པ་དང་། བོད་པའི་མི་རིགས་ཀྱི་རིག་གཞུང་དང་། གོམས་གཤིས་སོགས་ཨ་རིའི་མི་མང་ལ་ཕན་ཐོགས་ཡོང་རྒྱུའི་དམིགས་ཡུལ་དེ་འདྲ་ཟིན་གྱི་ཡོད་ཅེས་གསུངས་ཡོད།

ཐོག་མར་རྒྱ་གར་སྲིད་བློན་ཟུར་པ་པཎ་ཌི་ནེ་རུ་མཆོག་གིས་རྒྱ་གར་མངའ་སྡེ་སོ་སོར་ཕྱག་བྲིས་གནང་བ་དང་། དེའི་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ནི་ཇ་ལིངྒ་པ་མཆོག་གིས་དང་པོ་ནས་དགོངས་བཞེས་གནང་སྟེ་གཞིས་ཆགས་ཆེ་ཁག་བཙུགས་ཐུབ་པ་བྱུང་ཡོད། དེ་ཡང་ཕྱི་ལོ་ ༡༩༥༦ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་ཕེབས་དུས་ཁོང་དང་དམིགས་བསལ་གྱི་འབྲེལ་བ་བྱུང་བ་ཞིག་ཆགས་ཡོད་པ་དང་། དེ་འདྲ་ཡིན་དུས་ཕྱོགས་གཅིག་ནས་ཁོང་གི་དགོངས་གཞི་དེ་བོད་པ་རང་ལ་དམིགས་བསལ་གྱི་རོགས་མགོན་གནང་རྒྱུ་དང་། ཕྱོགས་གཞན་ཞིག་ནས་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་གོམས་གཤིས་ཐོག་ནས་མངའ་སྡེ་དེའི་ནང་དམིགས་བསལ་གྱི་ཐུགས་ཕན་གསོ་མཁན་ཞིག་ཡོང་ཐུབ་ཀྱི་མིན་འགྲོ་བསམ་པའི་དགོངས་པ་བཞེས་མིན་ནམ་བསམ་གྱི་འདུག

ང་ཚོ་འཕགས་བོད་ཀྱི་འབྲེལ་བའི་ལོ་རྒྱུས་ཐོག་ལ་བལྟས་ན། ཆོས་དང་རིག་གཞུང་སྐད་ཡིག་ཐོག་ནས་འབྲེལ་བ་བྱས་ནས་ད་བར་ལོ་ ༡༠༠༠ བརྒལ་བ་ཆགས་ཀྱི་ཡོད་རེད། དུས་རྒྱུན་དུ་ང་ཚོའི་སྤྱི་ཚོགས་ནང་གོ་བདེ་བའི་ཚུལ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བ་དང་བོད་པ་ནི་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ལྟ་བུ་ཡིན་པ་གསུང་བཞིན་ཡོད། དེ་འདྲ་ཡིན་དུས་ང་ཚོ་བོད་མི་ཡིན་ནའང་སེམས་ནང་དེ་འདྲའི་འདུ་ཤེས་འཛིན་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་རེད། དེ་བཞིན་རྒྱ་གར་གྱི་སྲིད་བློན་དམ་པ་མོ་རར་ཇི་དྷི་སི་ (Morarji Desai) མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་བོད་དང་རྒྱ་གར་ནི་བྱང་ཆུབ་ལྗོན་ཤིང་གཅིག་ལས་སྐྱེས་པའི་ཡལ་ག་མི་འདྲ་བ་གཉིས་ལྟ་བུ་ཆགས་ཡོད་རེད་ཅེས་ཟེར་ནས་རྒྱ་གར་གྱི་གནད་ཡོད་མི་སྣའི་དགོངས་པ་ལ་དེ་འདྲ་ཡོད་བསྡད་པ་ཞིག་ཆགས་ཡོད་རེད། དེ་འདྲའི་ཐོག་ནས་འཕགས་བོད་འབྲེལ་བ་མུ་མཐུད་རྒྱུད་འཛིན་བྱེད་དགོས། ལྷག་པར་དུ་ང་ཚོ་བཙན་བྱོལ་ནང་བོད་པ་ཚོར་འགན་འདྲ་པོ་གཙོ་བོ་གཉིས་ཆགས་ཀྱི་མེད་ན་བསམ་གྱི་འདུག ཕྱོགས་གཅིག་ནས་རྒྱ་གར་གྱི་ཡུལ་མི་དང་མཐུན་ལམ་ཡག་པོ་བྱེད་རྒྱུ་དང་། དེ་བཞིན་རྒྱ་གར་མངའ་སྡེ་སོ་སོའི་ནང་ལེགས་སྐྱེས་ཕུལ་ཐུབ་རྒྱུ། ཕྱོགས་གཞན་ཞིག་ནས་བོད་མི་རིགས་ཀྱི་སོ་སོའི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་གནང་དགོས་པ་དེ་ང་ཚོའི་ཕྲག་ཏུ་བབ་པའི་ལས་འགན་ཆགས་བསྡད་ཡོད། དེ་འདྲ་ཡིན་དུས་དེ་རིང་གནད་ཡོད་མང་པོ་ཞིག་འཛོམས་བསྡད་ཡོད་ཙང་། དེ་ཚོ་ཐུགས་ལ་འཇགས་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་གསལ་ཏེ་གང་མགྱོགས་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་སྨོན་འདུན་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །