དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་སྲིད་འཛིན་གསར་པར་འཚམས་འདྲི་ཞུས་པ།

༄༅།། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་གསར་པར་འདེམས་ཐོན་བྱུང་བ་སྐུ་ཞབས་རཱམ་ནཱཐ་ཀོ་ཝིནྜ་ Shri Ram Nath Kovind མཆོག་ལ་འཚམས་འདྲི་ཞུས་དོན།  གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ངས་སྐུ་ཉིད་མཆོག་རྒྱ་གར་གྱི་སྲིད་འཛིན་ཐེངས་ ༡༤ པར་འདེམས་ཐོན་བྱུང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།

བོད་མི་ཚོར་ཧ་ཅང་གཉན་འཕྲང་ཆེ་ཞིང་ཉག་ཕྲ་བའི་དཀའ་ངལ་གྱི་དུས་སྐབས་སུ་རྒྱ་གར་གྱིས་གཞན་དང་མི་འདྲ་བའི་རྒྱབ་སྐྱོར་གནང་བ་ཙམ་དུ་མ་ཟད། བོད་མི་བཙན་བྱོལ་བ་རྣམས་ལ་སྡོད་ཁང་དང་ས་ཞིང་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་བར་བརྟེན་ནས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་ཐུབ་ཡོད་སྟབས་ང་ཚོས་དུས་རྟག་ཏུ་བཀའ་དྲིན་སྙིང་བཅང་ཞུ་བཞིན་ཡོད།  འདས་པའི་མི་ལོ་ ༥༨ རིང་བོད་མི་བཙན་བྱོལ་བ་རྣམས་ཀྱིས་བོད་མིའི་ཐུན་མིན་ངོ་བོ་དང་རིག་གཞུང་། སྐད་ཡིག་གཅེས་འཛིན་ཐུབ་པ་ཙམ་དུ་མ་ཟད།  བོད་མིའི་སྒྲིག་འཛུགས་ཤིག་ཀྱང་བཙུགས་ཐུབ་པ་བྱུང་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་དང་པོ་རཱཇེནྡྲ་པྲཱ་སཱད་ Shri Rajendra Prasad  མཆོག་དང་མཇལ་འཕྲད་མཛད་པ་མ་ཟད།  ཕྱི་ལོ་ ༢༠༡༦ ལོར་ད་ལྟ་སྲིད་འཛིན་གནང་མུས་སྐུ་ཞབས་པྲ་ནབ་མུ་ཁར་ཇི་ Shri Pranab Mukherjee མཆོག་དང་ཡང་མཇལ་འཕྲད་མཛད་པ་དེས་འཕགས་བོད་གཉིས་དབར་ལོ་རྒྱུས་ཐོག་ནས་ཆོས་དང་རིག་གཞུང་གི་འབྲེལ་བ་གཏིང་ཟབ་ཅིག་ཡོད་པ་གསལ་པོར་མཚོན་ཐུབ། ཅེས་འཁོད་པ་མ་ཟད། སྲིད་འཛིན་གསར་པ་ཁོང་གི་ལས་ཡུན་རིང་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་བསྐྱར་གསོ་ཡོང་བའི་རེ་བ་ཡོད་སྐོར་གསུངས།།

Click here Congratulatory letter