ཌེན་ཝར་གཙུག་ལག་སློབ་གཉེར་ཁང་(Denver University) ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་འགའ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་མཇལ་འཕྲད་གནང་བ།

༄༅། །ཌེན་ཝར་གཙུག་ལག་སློབ་གཉེར་ཁང་(Denver University) ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་འགའ་ལོ་ལྟར་ (Tibet World) ཚོགས་པ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་སར་བོད་མིའི་ ཆབ་སྲིད་ཀྱི་གནད་དོན་དང་། བོད་ཀྱི་རིག་གཞུང་སོགས་གོ་རྟོགས་ཆེད་ཕེབས་སྲོལ་ཡོད་པ་བཞིན། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སློབ་གཉེར་བ་ ༡༥ དང་སློབ་དཔོན་ ༢ བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་མཇལ་འཕྲད་གནང་བ་དང། ཁོང་རྣམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་སྐོར་དང་། འདས་པའི་བོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ངོ་སྤྲོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་། དེ་བཞིན་ལོ་འཁོར་གཅིག་གི་གྲོས་ཚོགས་ཚོགས་དུས་གཉིས་དང། བོད་མིའི་སྒྲིག་འཛུགས་ཀྱི་ འགྲོ་གྲོན་གྱི་ཡོང་ཁུངས། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་སྐོར། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ་མ་ཟད། ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་ནང་རང་ལུས་མེར་སྲེག་གནང་མཁན་ཇི་མང་དུ་འགྲོ་བཞིན་པའི་སྐོར་གསུངས་སྐབས་ཁོང་གིས་“ང་ཚོ་རྒྱ་མི་ལ་མི་དགའ་བ་མ་རེད་ལ་ང་ཚོས་གཏམ་འཆལ་དེ་བས་སྤེལ་ཀྱི་ཡོད་མ་རེད། གཏམ་འཆལ་སྤེལ་ན་དྲང་བདེན་གྱི་རྒྱབ་སྐྱོར་ནམ་ཡང་ཐོབ་མི་སྲིད། བོད་ནང་ལ་མཚོན་ན། གཞོན་སྐྱེས་ལོ་ན་ ༡༥ ནས་ཟུང་བོད་མི་རྒན་དར་གཞོན་གསུམ་ནས་རང་ལུས་མེ་བསྲེགས་བཏང་གནང་ནས་བོད་ནང་རང་དབང་དགོས། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་གནང་གྱི་ཡོད།” ཅེས་གསུངས།
དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་ནས་ཁོང་རྣམས་ལ་བོད་ཀྱི་འདས་པའི་དངོས་ཡོད་ཀྱི་ལོ་རྒྱུས་དང་དངོས་བདེན་ལ་ཞིབ་འཇུག་གིས་བོད་དོན་ཐོག་མ་འོངས་པར་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། བོད་དོན་དང་བོད་ཀྱི་རིག་གཞུང་ཐོག་ཤེས་རྟོགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང། དེ་རྗེས་སློབ་ཕྲུག་རྣམས་ཀྱིས་གནད་དོན་འདྲ་མིན་ཐོག་འདྲི་བ་ཞུས་པར་བཀའ་ལན་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།