ཇོ་ནང་རྒྱལ་ཚབ་སྐབས་གཉིས་པའི་ཁྲི་འདོན་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་སྤྱི་འཐུས་ཁག་ཅིག་སྐུ་མགྲོན་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བཞུགས་སྒར་རྡ་ས་ནོར་གླིང་ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་དུ་ཇོ་ནང་བསྟན་པའི་གཙུག་རྒྱན་ངེས་དོན་བསྟན་པའི་རྒྱལ་ཚབ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་༸ངག་དབང་ཆོས་ཀྱི་སྣང་བ་མཆོག་ཇོ་ནང་རྒྱལ་ཚབ་སྐབས་གཉིས་པའི་ཁྲི་འདོན་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་གནང་སོང་།

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་ཟུར་རོང་ཆེན་ཀིརྟི་རིན་པོ་ཆེ་མཆོག་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག གཞན་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཁག་ཅིག གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་ཁག་གི་དབུ་འཁྲིད་རྣམ་པའི་སྐུ་ཚབ། སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་༸ངག་དབང་ཆོས་ཀྱི་སྣང་བ་མཆོག་ཚོགས་ཁང་ནང་དུང་རྒྱ་སེར་སྦྲེངས་དང་སྤོས་སྣེས་ཕེབས་བསུ་གནང་རྗེས། རིན་པོ་ཆེ་མཆོག་དང་། སྐུ་མགྲོན་གཙོ་བོ། དམིགས་བསལ་སྐུ་མགྲོན་བཅས་ནས་སྣང་གསལ་མར་མེ་ཞལ་ཕྱེ་དང་། སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་གྲུབ་མཚམས། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་བཞུགས་ཁྲིར་ཞབས་སོར་འཁོད་གནང་སོང་།

དེ་རྗེས། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཇོ་ནང་རྒྱལ་ཚབ་ཁྲི་འདོན་ཚོགས་ཆུང་གིས་ཀུན་མཁྱེན་དོལ་པོ་པའི་སྐུ། རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ། བཀྲ་ཤིས་རྟགས་བརྒྱད། རིན་ཆེན་སྣ་བདུན། ན་བཟའ། འབྲུ་རིགས་སྣ་ལྔ་སོགས་དང་། དགོན་སྡེ་ཁག་དང་ཚོགས་པ་ཁག་ནས་མཎྜལ་རྟེན་གསུམ་ཕུལ་རྗེས། སྐུ་མགྲོན་རྣམས་ལ་མཇལ་ཁ་སྩལ་གནང་ཡོད་པ་དང་། དེ་ནས་སིམ་ལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་མཁན་སྤྲུལ་སྐྱབས་རྗེ་ཀུན་དགའ་ཆོས་འཕེལ་རིན་པོ་ཆེ་མཆོག་གིས་༸གོང་ས་༸རྒྱལ་བའི་དབང་པོ་མཆོག་གི་བཀའ་ཡིག་སྒྲོག་སྦྱངས་གནང་སོང་།

མཛད་སྒོའི་ཐོག་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་༸ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས་བླང་དོར་བཀའ་སློབ་དང་། སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་དང་། དམིགས་བསལ་སྐུ་མགྲོན་རོང་ཆེན་ཀིརྟི་རིན་པོ་ཆེ་མཆོག གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་ཁག་གིས་སྐུ་ཚབ་རྣམ་པས་གསུང་བཤད། ཁྲི་འདོན་གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་པ་མཁན་ཟུར་ཀུན་དགའ་འཚམས་ཆུང་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་བཅས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པས་རྔོན་པའི་འདོན་དང་། ཆོལ་གསུམ་འཁྲབ་གཞས། བཙན་བྱོལ་ནང་གི་གླུ་བ་ཁག་ཅིག་གིས་གླུ་གཞས་གཟིགས་འབུལ་ཞུས་གནང་ཡོད་པ་བཅས། །