གསུམ་བཅུའི་དུས་དྲན་ཐེངས་༥༠པའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་གི་ཉིན་མོ་ནི་བོད་ལྗོངས་རང་དབང་སྒེར་ལངས་ཐེངས་༥༠ པ་དུས་དྲན་སྲུང་བརྩིའི་མཛད་སྒོ་དང༌། ལྷག་པར་དུ་འདི་ལོ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུས་པས་བོད་གཞུང་དགའ་ལྡན་ཕོ་བྲང་དང་བཙན་བྱོལ་བོད་མི་བཅས་རྒྱའི་བཙན་དབང་ལས་གྱར་ནས་མི་ལོ་༥༠ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་འདིའི་སྐབས་དབུ་བཞུགས་སུ་ཆིབས་སྒྱུར་བཀྲིན་བསྐྱངས་པ་ས་སྟེང་འཇིག་རྟེན་ཡོངས་རྫོགས་ཀྱི་བླ་ན་མེད་པའི་ཞི་བདེའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་མི་ཕྱེད་དད་པས་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་ནས་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དབུས་བླ་ཆེན་རྣམ་པ་དང༌། བླ་ཆེན་སྐུ་ཚབ་རྣམ་པ། སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང༌། བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ། རང་དབང་ལྡན་པའི་མཛད་གཙོ་ལས་ཟུར་རྣམ་པ། གཞུང་ཞབས་ལས་ཟུར་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་དང་ཚོགས་པ་ཁག་གི་དབུ་ཁྲིད་རྣམ་པ། དགེ་ལས་སློབ་ཕྲུག་རྣམ་པ། འདིར་འདུས་མང་ཚོགས། ལྷག་པར་དུ་དེ་རིང་མཛད་སྒོར་ཆེད་གཉེར་གྱིས་ས་ཐག་རིང་པོ་ནས་བཅར་གནང་བའི་རྒྱ་རིགས་སྐུ་མགྲོན་རྣམ་པ། ཨི་ཀྲ་ལི་ཏི་རན་ཏོ་རང་སྐྱོང་ས་ཁུལ་གྱི་སྲིད་འཛིན་རྡེ་ལའི་དབུས་པའི་ཕྱག་འབྲེལ་རྣམ་པ་བཅས་ལ་གུས་འདུད་དང་བཅས་སྙན་སྒྲོན་ཞུ་རྒྱུར།

འདས་པའི་ལོ་༥༠ ནང་རང་ཡུལ་རང་དབང་གི་དོན་དུ་རང་གི་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་རྒྱལ་གཅེས་ལྷག་བསམ་སྙིང་སྟོབས་ཅན་གྱི་དཔའ་བོ་དཔའ་མོ་རྣམས་དང༌། ད་ལྟའང་ཉེས་མིང་སྣ་ཚོགས་ཁག་འདོགས་ཀྱིས་དོ་དམ་བཙོན་འཇུག་འོག་ཉིན་མཚན་མ་འཁྱོལ་པའི་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་དཔའ་མཛངས་མཛད་རྗེས་ལ་གུས་འདུད་དང་གདུང་སེམས་མཉམ་སྐྱེ་གི་ལེགས་སོའི་བསྔགས་བརྗོད་ཞུ་བ་དང་འབྲེལ་འདས་པོ་རྣམས་འཕགས་མཆོག་འཇིག་རྟེན་མགོན་པོས་ཚེ་རབས་ཀུན་ཏུ་མཉེས་ཤིང་རྗེས་སུ་འཛིན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

འདས་པའི་ལོ་༥༠ ནང་རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་དང་མ་འཚམས་པའི་མཁྲེགས་བཟུང་གི་སྲིད་བྱུས་མ་རངས་པ་ཤ་སྟག་བཟུང་ཐོག་ཉེ་ལམ་ཕྱི་ཟླ་༣ པའི་ཚེས་༢ ཉིན་བཏོན་པའི་བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ལྔ་བཅུ་འཁོར་བའི་རྒྱབ་ཤ་དཀར་པོའི་དེབ་ཟེར་བའི་ཡིག་ཆ་དེའང་དངོས་དོན་དང་རིང་དུ་ཕྱོགས་ནས་འཁྱོག་བཤད་ཁོ་ནའི་ལམ་ནས་འཛམ་གླིང་དབུ་བསྐོར་གཏོང་ཐབས་ཞིག་ཡིན་པ་དང༌། ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༠ ནས་བཟུང་འདི་ནས་ཤེས་རྟོགས་བྱུང་བ་ལྟར་ན་ད་ཕན་ཉུང་མཐར་བོད་མི་༢༡༩ ཙམ་རྐྱེན་འདས་སུ་བཏང་བ་དངོས་སུ་ར་འཕྲོད་ཡོད་པ་དང༌། འཛིན་བཟུང་བཙོན་འཇུག་བྱས་པ་ཉུང་མཐར་༦༧༠༥། རྨས་སྐྱོན་ཕོག་པ་༡༢༩༤ ལྷག་དང༌། ལོ་དུས་རྒྱས་བཅད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པ་༢༨༦། གར་སོང་ཆ་མེད་དུ་ཕྱིན་པ་མང་དག་ཅིག་བྱུང་ཡོད་པ་མ་ཟད། ཕྱི་ལོ་༢༠༠༩ ནང་སྔ་ལོ་ལས་གཞི་རྒྱ་ཆེ་བའི་དོན་རྐྱེན་འབྱུང་ཉེན་གྱི་དོགས་གཞིའི་འོག་རྒྱ་གཞུང་ནས་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ལ་ཉིན་རེ་བཞིན་དམག་དཔུང་འཕར་སྣོན་བཏང་སྟེ་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་སྟོབས་ཤུགས་ཞེས་པར་རྡུང་རྡེག་གཏོང་རྒྱུ། དམག་འཐབ་དམག་སྦྱོང་གི་བྱེད་ཐབས་བེད་སྤྱད་དེ། གསང་གནས་བརྡ་འཕྲིན་འཚོལ་བསྡུ་དང༌། ཁྲིམས་འགལ་མི་ངན་འདུ་འཛོམས་ཁ་ཐོར་གཏོང་རྒྱུ། སོགས་ཀྱི་མིང་འདོགས་སྣ་ཚོགས་འོག་མངོན་མེད་ཀྱི་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་བཞིན་ཡོད་པ་དང༌། དམིགས་བསལ་དགོན་སྡེ་ཁག་ལ་ཁྲིམས་ལུགས་དྲིལ་བསྒྲགས་ཀྱིས་སློབ་གསོའི་ལས་འགུལ་དང༌། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ། ན་ནིང་རྒྱ་བོད་གཉིས་སུ་ས་ཡོམ་གྱི་རྐྱེན་པས་རྒྱ་བོད་མི་རིགས་ཁྲི་ཚོ་ཁ་ཤས་རྐྱེན་འདས་སོང་ཡོད་པ་དང༌། བོད་ནང་དྲག་གནོན་མནར་གཅོད་འོག་རྐྱེན་འདས་སོང་བའི་ཡིད་སྐྱོའི་གནས་ཚུལ་ལས་ལོ་གསར་ལ་སོགས་པ་དགའ་སྟོན་བྱ་རྒྱུའི་དུས་ཤིག་མིན་རུང༌། རྒྱ་ནག་གཞུང་གིས་ནམ་རྒྱུན་ལྟར་མིའི་ཚེ་སྲོག་ལ་རིན་ཐང་སྤུ་ཙམ་མེད་པར་བོད་ཀྱི་ལོ་གསར་དམིགས་བསལ་གྱིས་དགའ་སྟོན་བྱེད་དགོས་པའི་ཁྱབ་བསྒྲགས་དང་ལས་འགུལ་མང་དག་སྤེལ་ཡོད། གཞན་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་མི་མང་འཐུས་མི་ཚོགས་ཆེན་ནས་བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལྷག་ལ་བཅིངས་གྲོལ་ཐོབ་པ་དང༌། བོད་ལ་དམངས་གཙོ་བཅོས་བསྒྱུར་བྱས་ཏེ་མི་ལོ་༥༠ འཁོར་བའི་དུས་ཚིགས་སྐོར་གཏན་འབེབས་ཀྱིས་བོད་མི་ཡོངས་ནས་དགའ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་དགོས་སོགས་བྱུས་ངན་འདིང་བཞིན་ཡོད་པས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་འཛམ་གླིང་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད།

རྒྱ་ནག་གཞུང་གིས་འདས་པའི་ཉམས་མྱོང་ལ་བལྟས་ནས་བོད་ནང་ལེགས་བཅོས་བྱ་རྒྱུ་དང༌། སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་བཤད་པའི་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བའི་འོག་འཆམ་མཐུན་དང༌། བརྟན་ལྷིང༌། མི་རིགས་ཀྱི་མཐུན་སྒྲིལ་བཅས་ཀྱི་སྤྱི་ཚོགས་ངོ་མ་ཞིག་བསྐྲུན་རྒྱུ་ཕར་བཞག གོང་གསལ་བྱུས་ངན་འོག་བོད་མི་ཚོར་མཐོང་ཆུང་དང་ཁྱད་གསོད། བརྙས་བཅོས་དང་དྲག་གནོན་བཅས་ཀྱི་འོག་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐབས་མེད་པ་ས་རིས་ཐང་གསལ་དུ་གྱུར་ཡོད། དེ་ཙམ་མ་ཟད་ཕྱི་ལོ་༢༠༠༨ ལོར་རྒྱ་གཞུང་རང་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཕུལ་བའི་སྙན་ཐོའི་ནང་བོད་མི་ཞི་བའི་སྒེར་ལངས་ཐོག་དྲག་གནོན་མནར་གཅོད་བཏང་ཚུལ་ཟུར་ཙམ་ཡང་བཀོད་མེད་ཁར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་ཐོག་ཆེད་འཛུགས་ཚོགས་ཆུང་གིས་བཏོན་པའི་བོད་དོན་དང་འབྲེལ་བའི་སྙན་ཐོར་ངོས་ལེན་མེད་པའི་ལན་འདེབས་གསལ་བཤད་བྱས་པ་དེ་དག་དུས་རབས་ཉེར་གཅིག་པའི་ནང་དཔལ་འབྱོར་དང་དམག་གི་ནུས་ཤུགས་ཀྱིས་འཛམ་གླིང་རྒྱལ་ཁབ་གཞན་ལའང་དབུ་བསྐོར་དང་མཐོང་ཆུང་ཁྱད་གསོད་བྱེད་བཞིན་ཡོད།

འདས་པའི་ལོ་༥༠ ནང་གཞིས་ལུས་བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལས་འགུལ་གྲངས་ལས་འདས་པ་སྤེལ་ཡོད་པ་དང༌། ལྷག་པར་དུ་ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༠ ནས་བཟུང་བོད་ཆོལ་གསུམ་ཁྱོན་ཡོངས་ལ་ཆོད་སེམས་བརྟན་ཞིང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་ལས་འགུལ་སྤེལ་ཡོད། དུས་ད་ལྟའང་གཞིས་ལུས་བོད་མིས་ཐབས་མཁས་ཀྱི་འཚེ་བ་མེད་པའི་ལམ་ནས་ཚད་མཐོན་པོའི་ལས་འགུལ་སྤེལ་དང་སྤེལ་བཞིན་པར་བཙན་བྱོལ་བོད་མི་རྣམས་ནས་མ་འཕྱུག་ན་གཞིས་བཞུགས་བོད་མིའི་སྙིང་སྟོབས་དང་ལྷག་བསམ། ཆོད་སེམས་བཅས་པ་བརྟན་པོ་ཡོད་པ་ཉེ་བའི་ཆར་བོད་ནང་དུ་ལས་འགུལ་སྤེལ་བའི་གནས་ཚུལ་ལས་ར་འཕྲོད་པ་ཡིན།

བོད་མི་རྣམས་ཀྱིས་རྒྱའི་བཙན་དབང་འོག་ཏུ་གནས་ཏེ་ལོ་ངོ་༥༠ འཁོར་བའི་རིང་བོད་གཞིས་བྱེས་གཉིས་སུ་བོད་དོན་བདེན་མཐའ་གསལ་ཐབས་སུ་འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་ཇི་སྙེད་ཅིག་བརྩམས་པའི་ནང་ནས་གྲུབ་འབྲས་སོན་པ་དང་མ་སོན་པ་སྣ་ཚོགས་ཤིག་བྱུང་ཡོད་པས་དེའི་ཉམས་མྱོང་གཞི་རྩར་བཟུང་སྟེ་མ་འོངས་པར་ལས་འགུལ་བརྩམ་ཕྱོགས་ལ་ཐབས་བྱུས་འཆར་འགོད། སྒྲིག་འཛུགས་ལྡན་ཞིང་ཆིག་བསྒྲིལ་གྱི་ཐོག་ནས་ནུས་པ་ལྡན་པའི་ལས་འགུལ་ལག་བསྟར་བྱ་རྒྱུའི་དུས་ལ་བབས་ཡོད། མ་འོངས་པར་ཡང་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བ་དེ་སྲིད་དུ་ལས་འགུལ་ཅི་འདྲ་ཞིག་སྤེལ་ཡང་འཚེ་མེད་ཞི་བའི་རྒྱ་ལས་མི་བརྒལ་བའི་དམ་བཅའ་བརྟན་པོ་གཟུང་དགོས་པ་ནི་ང་ཚོའི་གཞི་རྩའི་ལྟ་གྲུབ་ཡིན་པ་དང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བོད་ས་གླང་ལོའི་གནམ་ལོ་གསར་བཞད་ཉིན་གསུང་འཕྲིན་སྤྱི་སྩལ་གྱི་དགོངས་དོན། བོད་རྒྱ་མི་རིགས་དབར་ཕྱོགས་འགལ་དམ་སེལ་མི་འབྱུང་བ་གལ་ཆེ་དོན་ཆེ་ཞིག་ཡིན་པ་མ་ཟད། སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་བཞག་པ་དང༌། དེ་བཞིན་ཉེ་ཆར་དམིགས་བསལ་ཚོགས་ཆེན་གྱི་རྒྱབ་གཉེར་སྙན་ཐོ་ལྟར་ྋགོང་ས་མཆོག་གིས་འཛམ་གླིང་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་གཞིགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཇི་གནང་ལ་ཤར་བསྐྱོད་གནང་ཐུབ་ཚེ་གཅིག་གྱུར་གྱི་ནུས་པ་གོང་མཐོར་འགྲོ་རྒྱུ་ཡིན་པ་སྨོས་མེད་ལ་སོང་ཚང་མས་རང་དོན་རང་གཅེས་ཀྱིས་དེ་དོན་མཛད་ཕྱོགས་དགོས་གལ།

གཞིས་བཞུགས་བོད་མིས་འགྱུར་བ་མེད་པའི་ལངས་ཕྱོགས་དང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་བཅས་ལ་བརྟེན་རྒྱལ་སྤྱིའི་ནང་བོད་པའི་བདེན་པའི་གནས་ཚུལ་ལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་བཞིན་ཡོད་པ་དང༌། རྒྱ་ནག་མི་མང་ནང་ནས་ཀྱང་རྒྱབ་སྐྱོར་ཤུགས་ཆེར་འགྲོ་བཞིན་པ་དེ་རིང་རྒྱ་རིགས་མང་དག་ཅིག་རྒྱབ་སྐྱོར་གྱི་རྣམ་པ་མཚོན་བྱེད་ས་ཐག་རིང་པོ་ནས་འདིར་ཕེབས་ཡོད་པ་ལས་ར་འཕྲོད་ཐུབ།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་ལན་དགུ་ཆད་མཐུད་ཀྱི་སྔ་རྗེས་གཉིས་སྨན་ཐབས་ལམ་བཙལ་ཡོད་ཀྱང་རྒྱ་ནག་གཞུང་ནས་ཚུལ་མཐུན་གྱི་ལན་བརྡ་མ་སྤྲད་པ་ལ་བརྟེན་ད་ལྟའང་བོད་རྒྱའི་དཀའ་རྙོགས་སེལ་ཐུབ་མེད། དེའི་འགན་ཁུར་ནི་རྒྱ་ནག་གཞུང་ཁོ་ནར་ཡོད། ཅི་སྟེ་རྒྱ་ནག་གཞུང་གིས་ལྷག་བསམ་རྣམ་དག་གི་བོད་རྒྱའི་དཀའ་རྙོག་སེལ་འདོད་ཡོད་ཚེ་ད་ལྟ་ཚོགས་བཞིན་པའི་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་གཉིས་ནང་བོད་མིའི་མངོན་འདོད་ཚིམས་པའི་ཐབས་ལམ་སྐོར་བགྲོ་གླེང་དང་ཐག་གཅོད་གནང་དགོས།

བཙན་བྱོལ་བོད་མིའི་སྤྱི་ཚོགས་བརྟན་གནས་ཡོང་དགོས་པ་ནི་རྩ་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང༌། དེ་ལྟར་ཡོང་བར་བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་དང༌། ཚད་ལྡན་གྱི་ཆབ་སྲིད་སློབ་གསོ། གཞི་རིམ་མང་གཙོའི་འགྲོ་ལུགས་སྲ་བརྟན། གཞིས་ཆགས་ཁག་སྲ་བརྟན་གནས་པ་དང༌། སྤྱི་ཚོགས་ཁ་ཐོར་དུ་མི་འགྲོ་བ་སོགས་ནི་དོན་གྱི་སྙིང་པོར་མཐོང་བས་དེའི་ཆེད་དུ་སྔར་ལམ་ལྟར་མ་ཡིན་པ་སྤྱི་འཐུས་རྣམ་པ་བོད་མིའི་འདུ་གནས་ཁག་ལ་ཆ་བགོས་ཀྱིས་ཉུང་མཐར་ཡང་ལོ་རེར་ས་བགོས་སོ་སོར་ཐེངས་གཉིས་ཙམ་གོང་གསལ་གནད་དོན་ཁག་གི་ཐོག་ལས་དོན་བྱ་རྒྱུ་སྐོར་བཀོད་ཁྱབ་ཟིན་ཡོད།

རྒྱ་གར་དབུས་རྒྱལ་སྤྱིའི་ནང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་དེ་རིང་གི་གོ་སྐབས་འདི་བཟུང་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་དང༌། མུ་མཐུད་དེ་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་རེ་འདུན་ཞུ་བཞིན་ཡོད། མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འགྲོ་བ་སྤྱི་དང་བྱེ་བྲག་གི་སླད་སྐུ་ཚེ་ྋཞབས་པད་སྲིད་མཐར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཡོངས་སུ་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༠༩ ཟླ་༣ ཚེས་༡༠ ལ།།