༄༅། །བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག

ལེའུ་དང་པོ།

སྔོན་འགྲོ། 

དོན་ཚན་དང་པོ།         ཁྲིམས་ཡིག་གི་མིང༌།

ཁྲིམས་ཡིག་འདི་ལ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག བོད་རྒྱལ་ལོ་ ༢༡༣༠ ཕྱི་ལོ་ ༢༠༠༣ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       ཆ་རྐྱེན།

ཁྲིམས་ཡིག་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༨ པའི་ནང་གསེས་ ༢ པ་དང་ ༣ པའི་འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ།      ཁྱབ་ཚད།

ཁྲིམས་ཡིག་འདིས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་དང༌། གཞན་ཡང་ཁྲིམས་ཡིག་འདིར་བརྩི་བཀུར་དང་ལེན་ཞུ་འདོད་ཡོད་མཁན་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་ཡོངས་ལ་ཁྱབ་པ་ཡིན།

དོན་ཚན་བཞི་པ།        དམིགས་ཡུལ།

བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་དང༌། སློབ་གཉེར། སྨན་སྦྱོར། སྨན་རྫས། བརྟག་ཐབས། སྨན་བཅོས་ལག་ལེན་བཅས་གཞུང་ལུགས་ལྟར་ཚད་ལྡན་ཡོང་ཐབས།

དོན་ཚན་ལྔ་པ།          འགོ་འཛུགས།

ཁྲིམས་ཡིག་འདི་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཆོག་མཆན་ཐོབ་ཉིན་ནས་ལག་བསྟར་འགོ་འཛུགས་བྱ་རྒྱུ།

ལེའུ་གཉིས་པ།

ཆེས་མཐོའི་སྨན་པའི་ལྷན་ཚོགས།

དོན་ཚན་དྲུག་པ།        ལྷན་ཚོགས་ཀྱི་ཚོགས་མི།

༡    བོད་ཀྱི་གསོ་བ་རིག་པའི་སློབ་སྦྱོང་དང༌། སྨན་སྦྱོར། ནད་གཞི་བརྟག་ཐབས། སྨན་དཔྱད་བཅས་ཀྱི་ལག་ལེན་དང་། ཚན་རིག་དང་མཐུན་པའི་ཉམས་ཞིབ་བཅས་ཚད་ལྡན་ཡོང་ཆེད་སྟངས་འཛིན་དང་ལྟ་སྐྱོང་བྱེད་པོའི་བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་ཚོགས་མི་གཤམ་གསལ།

ཀ   ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བོད་ཀྱི་གསོ་བ་རིག་པའི་སྐུའི་བླ་སྨན་པ་བགྲེས་པའམ་བླ་སྨན་ཞབས་ཞུ་བ་བགྲེས་པ།

ཁ   བོད་ཀྱི་སྨན་རྩིས་ཁང་གི་སྒྲིག་ཁོངས་ཚོགས་མི། ༤

བོད་ཀྱི་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་དང་། སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱི་སྨན་པ་ཡིན་ཚེ་སྨོས་མེད་ཐོག གཞན་སྨན་རྩིས་ཁང་ཁྱབ་ཁོངས་སྨན་པ་རྣམས་ཀྱིས་འོས་འདེམས་བྱེད་དགོས།

ག   གཞན་ཡོང་ཁུངས་ནས་ཚོགས་མི། ༦

    ༡   ལྕགས་པོ་རི་དྲན་རྟེན་བོད་སྨན་མཐོ་སློབ་ཀྱི་སློབ་སྤྱི། ༡

༢   ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྨན་རྩིས་སྡེ་ཚན་གྱི་འགན་འཛིན། ༡

༣  གསོ་རིག་འབུམ་བཞིའི་རྒྱུན་འཛིན་སྨན་པ་རྣམས་ཀྱིས་འོས་འདེམས་བྱས་པའི་སྨན་པ། ༡

༤  ལ་དྭགས་དབུས་གཞུང་ནང་པའིམཐོ་རིམ་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་འགན་འཛིན། ༡

༥   གོང་གསལ་དོན་ཚན་གང་དུ་ཡང་མ་ཚུད་པའི་སྨན་པ་རྣམས་ཀྱིས་འོས་འདེམས་བྱས་པའི་སྨན་པའི་སྐུ་ཚབ། ༢

ང   ཕྱི་ལུགས་ཀྱི་སྨན་པ་གཅིག་འཕྲོད་བསྟེན་ལས་ཁུངས་ནས་དམིགས་འཛུགས་བྱ་རྒྱུ།

ཅ   གསོ་རིག་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་བོད་མི་མ་ཡིན་པའི་སྨན་པ་རྣམས་ནས་རང་ཁོངས་འོས་འདེམས་བྱས་པའི་སྨན་པ། ༢

༢    བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཅིག་དང༌། ཚོགས་གཙོ་གཞོན་པ་གཅིག དྲུང་ཆེ་གཅིག་བཅས་དགོས་པ་བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་ཚོགས་མིས་འོས་འདེམས་བྱ་རྒྱུ།

༣   བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་ཚོགས་མི་འོས་འདེམས་བྱ་ཕྱོགས་ཐད། རྙོག་གླེང་རིགས་བྱུང་ཚེ་འཕྲོད་བསྟེན་ལས་ཁུངས་ནས་ཐག་གཅོད་གནང་དགོས་རྒྱུ།

དོན་ཚན་བདུན་པ།       ལྷན་ཚོགས་ཀྱི་ཚོགས་མིའི་འོས་ཆོས།

༡    བོད་མིའི་སྐུ་ཚབ།

ཀ   དང་བླངས་དཔྱ་དངུལ་འབུལ་ཆད་ཡོད་པ་མ་ཡིན་པ།

ཁ   གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པ།

ག   ཁྲིམས་ཁང་ངམ་སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

ང   བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

ཅ   ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

༢    བོད་མི་མ་ཡིན་པའི་སྐུ་ཚབ།

ཀ   གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པ།

ཁ   ཁྲིམས་ཁང་ངམ་སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་ གསལ་བསྒྲགས་བྱས་པ་མ་ཡིན་པ།

ག   བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

ང   ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

ཅ   རྒྱལ་ཁབ་དང་ཡུལ་མིའི་ངོ་སྤྲོད་ལག་འཁྱེར་ཡོད་པ།

དོན་ཚན་བརྒྱད་པ།       ལྷན་ཚོགས་ཀྱི་ཚོགས་མིའི་ཡུན་ཚད།

ལྷན་ཚོགས་ཀྱི་ཚོགས་མིའི་ལས་འཁུར་ཡུན་ཚད་ལོ་གསུམ་རེ་ཡིན། འོན་ཀྱང་མུ་མཐུད་བསྐྱར་འདེམས་བྱུང་བར་དགག་བྱ་མེད།

དོན་ཚན་དགུ་པ།        འགན་དབང༌།

༡    ཁྲིམས་ཡིག་འདིའི་འོག་དེབ་སྐྱེལ་དང་ངོས་ལེན་ཡོད་པའི་བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་ཡོངས་རྫོགས་ཀྱི་སློབ་ཚན་དང༌། ལོ་རིམ། རྒྱུགས་སྤྲོད། གནས་ཚད་ལག་འཁྱེར་བཅས་སྡེ་ཚན་སོ་སོའི་སློབ་ཁྲིད་ཀྱི་ལམ་སྲོལ་སྒྲིག་གཞི་ཁག་ལ་རྟོག་ཞིབ་ཀྱིས་བཀའ་འཁྲོལ་གཏན་འབེབས་བྱ་རྒྱུ།

༢ ཁྲིམས་ཡིག་འདིའི་འོག་དེབ་སྐྱེལ་དང་ངོས་ལེན་ཡོད་པའི་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་ཐོན་སྐྱེད་བྱེད་མཁན་ཡོངས་ལ་སྨན་སྦྱོར་ལག་ལེན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་བྱ་རྒྱུ་དང༌། སྨན་སྦྱོར་ཐོན་སྐྱེད་ཁག་ལ་ཚད་ལྡན་ངོས་འཛིན་ཆོག་པའི་ཆོག་མཆན་སྤྲོད་རྒྱུ།

༣ ཉམས་ཞིབ་དང་ཉམས་མྱོང་ཚད་ལྡན་ལ་གཞི་བཅོལ་བའི་སྨན་གྱི་སྦྱོར་ཚད་གསར་པ་དང་ཁ་ཚར་བསྣན་ཕྱོགས་སོགས་ཀྱི་རིགས་གསར་དུ་བྱུང་ཚེ་ངོས་ལེན་འོས་མིན་ཞིབ་འཇུག་དང་འོས་པ་ཁག་ལ་ཚད་འཛིན་ལག་འཁྱེར་སྤྲོད་རྒྱུ།

༤   བོད་ཀྱི་གསོ་བ་རིག་པའི་ཚད་འཛིན་སྨན་གཞུང་ཁག་གི་ངོས་འཛིན་དཔེ་ཐོ་བཟོ་སྐྲུན་བྱ་རྒྱུ་དང༌། སྨན་གཞུང་གསར་རྩོམ་བྱུང་རིགས་རྣམས་ཁྲིམས་ཡིག་འདིའི་འོག་ཚད་འཛིན་གྱི་སྨན་གཞུང་དཔེ་ཐོའི་ནང་བཀོད་འོས་མིན་ཞིབ་འཇུག་དང༌། འོས་པ་ཁག་གྲོས་ཚོགས་ཀྱི་བཀའ་འཁྲོལ་ལྟར་རིམ་འགོད་བྱ་རྒྱུ།

༥   སྨན་སྦྱོར་ལག་ལེན་ཚད་ལྡན་ཡིན་མིན་དང་དོགས་གཞི་ཡོད་རིགས་ཁག་ལ་ཞིབ་འཇུག་གིས་ཚད་ལྡན་མིན་པའི་ར་འཕྲོད་བྱུང་བ་རྣམས་ལ་བཀག་སྡོམ་དང་གསལ་བསྒྲགས་བྱ་རྒྱུ།

༦   བོད་ཀྱི་གསོ་བ་རིག་པའི་ལག་ལེན་བྱེད་པོ་རྣམས་ལ་དེབ་སྐྱེལ་ཞུ་སྤྲོད་གནང་ཕྱོགས་ཀྱི་སྒྲིག་གཞི་བཟོ་འགོད་གཏན་འབེབས་བྱ་རྒྱུ།

༧   དེབ་སྐྱེལ་ཟིན་པའི་སྨན་པ་གང་ཞིག་ལ་གྱོད་འཛུགས་དཀའ་རྙོག་བྱུང་སྐབས་གསོ་རིག་ལྷན་ཚོགས་ཀྱི་ཁྲིམས་དང་སྒྲིག་གཞིར་བསྟུན་ཏེ་དཀའ་སེལ་དང་ཐག་གཅོད་གནང་འོས་གནང་རྒྱུ།

༨    ལྷན་ཚོགས་ཀྱིས་ཐག་གཅོད་བྱས་པའི་དོན་གནད་གང་འདྲ་ཞིག་ཡིན་ཀྱང་ཚོགས་མི་ངོ་ཡོད་གསུམ་ཆ་གཉིས་ཀྱི་མོས་མཐུན་ཡོད་དགོས།

༩   གཞན་ཡང་བོད་ཀྱི་གསོ་བ་རིག་པའི་སློབ་སྦྱོང་དང་སྨན་སྦྱོར་ལག་ལེན་བཅས་དང་འབྲེལ་བའི་འཆར་ཅན་དང་འཕར་མའི་བྱེད་སྒོ་གང་འོས་ལ་འགན་འཁུར་ལག་བསྟར་དགོས་པ་ཡིན།

༡༠  བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལྷན་ཚོགས་ནས་གཏན་འབེབས་བྱ་རྒྱུ།

ལེའུ་གསུམ་པ།

དེབ་སྐྱེལ་དང་ཚད་འཛིན།

 དོན་ཚན་བཅུ་པ།        བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་དང༌། སློབ་ཐོན་སྨན་པ། སྨན་སྦྱོར་སྡེ་ཚན་བཅས་དེབ་སྐྱེལ་དང་ཚད་འཛིན་བྱ་ཕྱོགས།

༡    བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འོག་དེབ་སྐྱེལ་ཞུ་ཆེད་ཆ་རྐྱེན་ཚང་དགོས་ཇི་ཡོད་དང་། དེབ་སྐྱེལ་ཆེད་སྙན་ཤོག་འགེངས་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་གསལ་བསྒྲགས་བྱེད་དགོས།

༢    སློབ་གཉེར་ཁང་ངམ། སློབ་གཉེར་སྡེ་ཚན་ཁག་སྒྲིག་གཞི་གཞིར་བཟུང་ཆ་རྐྱེན་འཛོམས་མིན་ཞིབ་འཇུག་ཚོགས་ཆུང་ཆེད་བསྐྱོད་ཀྱིས་མཐུན་རྐྱེན་འཛོམས་རིགས་ཐོག་མར་ལོ་གསུམ་ནས་ལྔ་ཡི་རིང་འཕྲལ་སེལ་དེབ་སྐྱེལ་དང༌། དེ་རྗེས་ཆ་རྐྱེན་ཚང་ངེས་རིགས་གཏན་འཇགས་དེབ་སྐྱེལ་ཐོག་ཚད་འཛིན་ལག་འཁྱེར་སྤྲད་འཐུས།

༣   བོད་ཀྱི་གསོ་བ་རིག་པའི་སྨན་པ་རྣམས་དེབ་སྐྱེལ་ཞུ་ཕྱོགས་ཐད། བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་ཚད་ལྡན་ཞིག་ནས་སློབ་ཐོན་ལག་འཁྱེར་ཡོད་རིགས་ལ་དེབ་སྐྱེལ་ཨང་གྲངས་སྤྲད་འཐུས།

༤ སྨན་སྦྱོར་ཐོན་སྐྱེད་བྱེད་མཁན་རྣམས་ཀྱི་དེབ་སྐྱེལ་བྱ་ཕྱོགས་ཀྱང་སྒྲིག་གཞི་གཏན་འབེབས་བཞིན་སྒྲིག་མཐུན་ཞིབ་འཇུག་ཚོགས་ཆུང་ཆེད་གཉེར་གྱིས་རྒྱབ་གཉེར་སྙན་ཞུ་བྱུང་མཚམས་ཐོག་མར་ལོ་གསུམ་འཕྲལ་སེལ་དེབ་སྐྱེལ་དང༌། དེ་ནས་གཏན་འཇགས་དེབ་སྐྱེལ་སྤྲད་འཐུས།

༥   བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་ངམ་སློབ་གཉེར་སྡེ་ཚན་དང༌། སྨན་པ། སྨན་སྦྱོར་བ་གང་ཞིག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འོག་དེབ་སྐྱེལ་གྱི་ཚད་འཛིན་ལག་འཁྱེར་མེད་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ངོས་ལེན་མེད།

༦ བོད་ནང་གི་གསོ་རིག་སློབ་གྲྭ་ཁག་ནས་ཐོན་པ་གང་ཞིག་སྨན་པ་དཀའ་བཅུ་པའི་ལག་འཁྱེར་དང་ཚད་མཉམ་ཡོད་པ་རྣམས་གསོ་རིག་ལྷན་ཚོགས་ནས་ཡིག་རྒྱུགས་ཚོགས་ཆུང་ཟུར་འཛུགས་ཀྱིས་ཡིག་རྒྱུགས་དང་ངག་རྒྱུགས་བླངས་ཏེ་སྒྲིག་དོན་ལྟར་དེབ་སྐྱེལ་ཨང་གྲངས་སྤྲོད་ཆོག

 དོན་ཚན་བཅུ་གཅིག་པ།   བོད་ཀྱི་གསོ་བ་རིག་པའི་རྩ་འཛིན་སྨན་གཞུང༌།

བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་ལག་ལེན་གྱི་གཞུང་ལུགས་རྩ་འཛིན་འོས་པའི་དཔེ་དེབ་ཐོ་གཞུང་ཁྲིམས་ཡིག་འདིའི་ཟུར་འཛར་ ཀ༽ པར་གསལ་བ་ལྟར་ཡིན། ཁྲིམས་ཡིག་འདི་གཏན་འབེབས་བྱུང་རྗེས་དཔེ་རྒྱུན་ཚད་ལྡན་དཀོན་རིགས་གསར་རྙེད་བྱུང་ཚེ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གྲོས་ཚོགས་སུ་འཆར་འབུལ་གཏན་འབེབས་ཀྱིས་ཟུར་ཐོའི་ནང་རིམ་འགོད་བྱ་རྒྱུ།

དོན་ཚན་བཅུ་གཉིས་པ།   སྨན་རྫུས་དང་སྨན་སྦྱོར་བསྲེ་ལྷད་བཀག་འགོག

༡ བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་ལག་ལེན་བྱེད་མཁན་ཁག་གི་སྨན་རྫུས་དང་སྨན་སྦྱོར་བསྲེ་ལྷད་ཡོད་མེད་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱིས་དུས་ནས་དུས་སུ་ཞིབ་འཇུག་བྱེད་དགོས།

༢    སྨན་རྫུས་དང་སྨན་རྒྱུར་བསྲེ་ལྷད་ངོས་འཛིན་བྱེད་ཕྱོགས་ཁྲིམས་ཡིག་འདིའི་ཟུར་འཛར་ ཁ༽ པའི་ནང་གསལ་ལྟར་ཡིན། ཁྲིམས་ཡིག་འདི་གཏན་འབེབས་བྱས་རྗེས་སྨན་རྫུས་དང་སྨན་སྦྱོར་བསྲེ་ལྷད་དང་འབྲེལ་བའི་གནས་ཚུལ་གསར་པ་གཞན་བྱུང་རིགས་ཆེད་བསྐོས་མཁས་པའི་ཚོགས་ཆུང་གིས་རྒྱབ་གཉེར་བྱུང་མཚམས་གྲོས་ཚོགས་སུ་འཆར་འབུལ་གྱིས་བཀའ་འཁྲོལ་ཞུས་ཏེ་ཟུར་འཛར་ ཁ༽ པའི་ནང་རིམ་འགོད་བྱ་རྒྱུ།

ལེའུ་བཞི་པ།

ཁྲིམས་ཡིག་བསྐྱར་བཅོས།

 དོན་ཚན་བཅུ་གསུམ་པ།   ཁྲིམས་ཡིག་བསྐྱར་བཅོས།

ཁྲིམས་ཡིག་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་འཕྲོད་བསྟེན་ལས་ཁུངས་དང༌། སྤྱི་འཐུས་གང་རུང་ནས་འཆར་ཕུལ་གྱིས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

 

༄༅། །བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་ ༡༡ པའི་དགོངས་དོན་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་ལག་ལེན་གྱི་གཞུང་ལུགས་རྩ་འཛིན་འོས་པའི་དཔེ་དེབ་ཐོ་གཞུང་ཟུར་འཛར། ཀ༽ པ། 

ཨང༌། ཕྱག་དཔེའི་མཚན། རྩོམ་པ་པོ། འཁྲུངས་ལོ།
རྩ་བ་ཐུགས་འབུམ་མཁའ་སྔོན། སྟོན་པ་གཤེན་རབ་མི་བོ།  

ཕྱི་ལོའི་སྔོན།

༡༦༠༡༧

རྣམ་རྒྱལ་སྨན་འབུམ་དཀར་པོ། ་་་་
གསོ་བྱའི་ནད་འབུམ་ནག་པོ། ་་་་
གསོ་བྱེད་ཀྱི་དཔྱད་འབུམ་ཁྲ་བོ། ་་་་་
དུག་བཅོས་གཡུང་དྲུང་འཁྱིལ་བ། དྲང་སྲོང་དཔྱད་བུ་ཁྲི་ཤེས། ༡༦༤༩༩
གསོ་རིག་རྒྱུད་བཞི། གཡུ་ཐོག་ཡོན་ཏན་མགོན་པོ། ༧༠༨
མན་ངག་བྱེ་བ་རིལ་བསྲེལ། ཟུར་མཁར་མཉམ་ཉིད་རྡོ་རྗེ། ༡༤༣༩
མན་ངག་ཉམས་ཡིག་བརྒྱ་རྩ། གོང་སྨན་དཀོན་མཆོག་ཕན་དར། ༡༥༡༡
གཅེས་བསྡུས་ཕན་བདེའི་སྙིང་པོ། འབྲི་གུང་ཚེ་དབང་བསྟན་པ། ༡༦༣༡
༡༠ གདམས་ངག་བཀའ་རྒྱ་མ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས། ༡༦༣༨
༡༡ མན་ངག་ལྷན་ཐབས། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ༡༦༥༣
༡༢ ཤེལ་གོང་ཤེལ་ཕྲེང༌། ཉེར་ལྔ་བརྒྱ་རྩ། དེའུ་དམར་བསྟན་འཛིན་ཕུན་ཚོགས། ༡༧༢༥
༡༣ སྨན་བསྡུས་ཝམ། ཀརྨ་ངེས་ལེགས་བསྟན་འཛིན། ༡༧༣༢
༡༤ གཅེས་བསྡུས་འཆི་མེད་ནོར་ཕྲེང༌། ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས། ༡༧༧༠
༡༥ ཟིན་ཏིག་གཅེས་བསྡུས་བདུད་རྩིའི་ཐིགས་པ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ༡༨༡༣
༡༦ དངུལ་ཆུའི་ལག་ལེན་རྣམ་པར་གསལ་བ་འཚོ་བྱེད་མཁས་པའི་སྙིང་བཅུད། དགེ་སྦྱོང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། ༡༨༡༣
༡༧ སྔོ་སྦྱོར་བདུད་རྩིའི་ཐིག་ལེ། མི་ཕམ་རྣམ་རྒྱལ་རྒྱ་མཚོ། ༡༨༤༦
༡༨ གཅེས་བསྡུས་ཕན་བདེའི་བང་མཛོད། མི་ཕམ་རྣམ་རྒྱལ་རྒྱ་མཚོ། ༡༨༤༦
༡༩ ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། ཨོ་རྒྱན་བསྟན་འཛིན། ༡༨༨༠
༢༠ ལག་ལེན་ཉེར་མཁོའི་སྦྱོར་དཔེ། འཆི་མེད་བདུད་རྩིའི་བུམ་བཟང༌། བླ་སྨན་མཁྱེན་རབ་ནོར་བུ། ༡༨༨༣
༢༡ གསོ་རིག་རྒྱུད་འབུམ་བྱེ་བའི་ཡང་སྙིང་འགྲོ་ཀུན་འབྱུང་འཁྲུགས་ནད་གདུང་ཀུན་སེལ་སྨན་སྦྱོར་སྟོང་རྩ། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ། ༡༨༩༧
༢༢ འཆི་བདག་ཞགས་གཅོད་བདེ་བའི་དབུགས་འབྱིན།
༢༣ ཟུར་རྒྱན་ཉེར་མཁོ་དཔག་བསམ་ལྗོན་ཤིང༌།
༢༤ གསོ་རིག་སྨན་གྱི་ལག་ལེན་བཟོ་ཐབས་པ་ཏྲའི་འཁྲུལ་འཁོར་གསལ་བྱེད་ཉི་མའི་དཀྱིལ་འཁོར།
༢༥ གསོ་རིག་སྤྱི་ཆིངས་གཞི་རྩའི་ཤེས་ཡོན། དགེ་སློང་བསྟན་འཛིན་དབང་གྲགས། ༡༩༣༢
༢༦ སྨན་རྫས་རིག་པའི་རྩ་བའི་ཤེས་ཡོན།
༢༧ སྨན་སྦྱོར་རིག་པའི་རྩ་བའི་ཤེས་ཡོན།
༢༨ སྨན་རྫས་དུག་འདོན་ལས་སྣོན་གྱི་ཤེས་ཡོན།
༢༩ མན་ངག་བདུད་རྩིའི་རོལ་མཚོ། སྡེ་དགེ་བླ་སྨན་རིན་ཆེན་འོད་ཟེར།
༣༠ གཅེས་བསྡུས་རིན་ཆེན་ཕྲེང་བ། ཕྱག་རྡོར་མགོན་པོ།
༣༡ མན་ངག་རིན་ཆེན་འབྱུང་གནས། ལྕང་སྐྱའི་སློབ་མ་འཇམ་དཔལ།
༣༢ ཕན་བདེའི་འབྱུང་གནས། སི་ཏུའི་བཀའ་འབུམ་ ཐ༽ པར་གསལ།
༣༣ སྨན་གྱི་སྦྱོར་ཡོན་བདུད་རྩིའི་ཟེགས་མ། དགེ་སློང་ཟླ་བ།
༣༤ བོད་ཀྱི་སྨན་རྫས་རིག་པའི་སློབ་དེབ། ལྷ་ས་སྨན་རྩིས་ཁང༌།
༣༥ སྦྱོར་ཚད་ཆེན་མོ། སྨན་རྩིས་ཁང༌།
༣༦ ལྡུམ་བུའི་སྟོང་ཐུན་ཉི་མའི་དབང་པོ་ཉི་འོད་རབ་གསལ། སྐམ་གཡུང་དྲུང་ཉི་རྒྱལ།
༣༧ ཉེར་མཁོའི་སྨན་སྦྱོར་ཕྱོགས་བསྒྲིགས་ཀུན་ཕན་བདུད་རྩིའི་གཏེར་མཛོད། བསྟན་འཛིན་དོན་གྲུབ། གསར་ཐོན།
༣༨ སྨན་སྦྱོར་ལེགས་བསྒྲིགས་རང་གསལ་སྒྲོན་མེ། ཐུབ་པ་ཚེ་རིང་དང་དཀོན་ཅོག་འཕྲིན་ལས་ཀྱིས་བསྒྲིགས། གསར་ཐོན།
༣༩ བོད་སྨན་སྦྱོར་བདེ་ཆེན་མོ། ལྷ་ས་སྨན་རྩིས་ཁང༌། བསོད་ནམས་དོན་གྲུབ། གསར་ཐོན།

༢༠༠༤

༤༠ བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ། ལྷ་ས་སྨན་རྩིས་ཁང༌། རྩོམ་སྒྲིག་པ་གཙོ་བོ་དགྲ་འདུལ གསར་ཐོན།

༢༠༠༦

 

༄༅། །བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་ ༡༢ པའི་ནང་གསེས་ ༢ པའི་དགོངས་དོན་སྨན་རྫུས་དང་སྨན་རྒྱུར་བསྲེ་ལྷད་ངོས་འཛིན་བྱེད་ཕྱོགས་ཀྱི་ཟུར་འཛར། ཁ༽ པ།

 སྨན་རྒྱུ་བསྲེ་ལྷད་ཀྱི་དོན་གནད།

༡    གཞུང་བཤད་ཀྱི་ཕན་ཡོན་སྟེང་ནུས་པ་མྱུར་དུ་ཐོན་ཐབས་སུ་རྫས་སྦྱོར་སྨན་རྫས་བསྲེས་པ།

༢    སྨན་རྒྱུ་རུལ་སུངས་དང་རྫས་ལྷད་རྙིང་སོང་ཅན།

༣   སྨན་དང་སྨན་རྒྱུའི་འཇོག་ཡུལ་ཡོ་བྱད་ཁོར་ཡུག་དང་བཅས་པ་ཛར་ཛོར་དང་རྫས་ལྷད་སོགས་འཕྲོད་བསྟེན་ལ་གནོད་གཞིའི་རིགས།

༤   སྔོ་ཁྲོག་སོགས་སྨན་རྒྱུ་སྐམ་གསེས་དུག་འདོན་གཡའ་ཕྱིས་དགོས་རིགས་ལ་ལག་ལེན་གཞུང་བཞིན་ཚད་ལྡན་མ་བྱུང་བར་བེད་སྤྱོད་བྱེད་པ།

༥   རང་ལུགས་སྨན་གཞུང་ནང་བེད་སྤྱོད་མེད་པའི་དེང་དུས་ཀྱི་དུག་རྫས་རིགས་བེད་སྤྱོད་བྱེད་པ།

༦   སྨན་སྦྱོར་ནང་སྨན་བོངས་བསྐྱེད་ཆེད་རྒྱུ་རྫས་གཞན་བེད་སྤྱོད་བྱེད་པ།

༧   ཚད་ལྡན་གྱི་རིན་ཆེན་རིལ་བུའི་རིགས་སོགས་བཤིག་ནས་སྨན་རྫས་གཞན་དང་བསྲེས་བསླད་ཀྱིས་གསར་སྦྱོར་བྱེད་པ།

༨    རང་ལུགས་སྨན་སྦྱོར་ཡར་རྒྱས་བཏང་ཁུལ་གྱིས་གཞུང་འགལ་སྨན་རྒྱུ་བསྲེས་ལྷད་སྦྱོར་བཟོ་བྱས་པ།

 

སྨན་རྫུས་ཀྱི་དོན་གནད།

༡    སྐྱོན་གནད་སྦས་བསྐུམ་ཆེད་རིལ་རྩི་འདྲ་མིན་བརྒྱབས་པ།

༢    གཞུང་ནས་བཤད་པའི་སྨན་སྦྱོར་ཚད་ལྡན་ལྟར་མ་བྱུང་བ།

༣   སྨན་ནུས་ཀྱི་འགྲེལ་བཤད་དང༌། ཕྱི་འཐུམ་གྱི་འགྲེལ་བཤད། སློབ་སྟོན་གྱི་ཡིག་ཆ་སོགས་ནང་མགོ་སྐོར་དང་མ་ཡིན་ཡིན་ལུགས་ཀྱི་རྫུན་གཏམ་རིགས།

༤   སྨན་གཞུང་ནས་གང་བཤད་པ་དེ་ལས་ལྡོག་པའི་རིལ་རྩི་བེད་སྤྱོད་བྱེད་པ།

༥   སྨན་མིང་རྫུས་ཏེ་སྨན་གཞན་ཞིག་གི་མིང་ཐོག་བཀྲམ་པའམ། བཙོང་པ། སྤྲད་པ།

༦   བསླུ་སེམས་ཀྱིས་ཀུན་ནས་བསླངས་ཏེ་སྨན་གྱི་ཤུབས་སམ་ཕྱི་སྒྲོམ། ཤོག་སྒམ། ལས་ཐམ་སོགས་གཞན་སྨན་ལྟར་ལད་བཟོ་བྱས་པ།

༧   དེབ་སྐྱེལ་དངོས་མེད་པའི་བཟོ་གྲྭའམ། འགྲེམས་ཚོང་པ་གང་ཞིག་གིས་མིང་རྫུས་བཟོ་གྲྭའི་མིང་བྱང་དང་ལས་ཐམ་སོགས་ཀྱི་ཐོག་སྨན་བཟོ་བྱས་པ།

༨    སྨན་གཞུང་གི་དགོངས་དོན་དང་འགལ་བའི་སྨན་རྒྱུའམ་རྫས་རིགས་ཚབ་གཏོང་བྱས་པ།

༩   སྨན་སྦྱོར་པ་གང་ཞིག་གིས་དངོས་པོ་ཡིན་ཁུལ་བྱས་ཀྱང་དོན་དུ་དེའི་བཟོ་དངོས་མ་ཡིན་པ།

 

གོང་གསལ་སྒྲིག་གཞི་འདི་བཞིན་བསྐྱར་བཅོས་ཇི་སོང་དང་བཅས་ཆ་ཚང་ཕྱི་ལོ་ ༢༠༢༣།༤།༡༠ ཉིན་ཕྱོགས་བསྒྲིགས་ཞུས།