༄༅། །དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་ཐོབ་སོགས་ཀྱི་སྒྲིག་གཞི།

 

དོན་ཚན་དང་པོ།         སྒྲིག་གཞིའི་མིང༌།

སྒྲིག་གཞི་འདིའི་མིང་ལ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༣༡ ཕྱི་ལོ་ ༢༠༠༤ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       སྒྲིག་གཞིའི་ཆ་རྐྱེན།

སྒྲིག་གཞི་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༨ དོན་ཚན་ ༩༨ ནང་གསེས་ ༡ འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ།      སྒྲིག་གཞི་འགོ་འཛུགས།

༡    སྒྲིག་གཞི་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱལ་ལོ་ ༢༡༣༡ ཕྱི་ལོ་ ༢༠༠༤ ཟླ་ ༤ ཚེས་ ༨ ཉིན་ཆོག་མཆན་སྩལ་བ་ནས་བཟུང་འགོ་འཛུགས་ཞུས།

༢ སྒྲིག་གཞི་འདི་གཏན་འབེབས་མ་བྱས་པའི་སྔོན་གྱི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལས་ཐོན་བགྲེས་ཡོལ་དུ་སོང་ཟིན་པ་རྣམས་ལའང་ལས་ཐོན་ཕོགས་ཐོབ་སྤྱི་མཚུངས་འཐོབ་རྒྱུ།

དོན་ཚན་བཞི་པ།        སྒྲིག་གཞིའི་ཁྱབ་ཚད།

སྒྲིག་གཞི་འདིས་བཅའ་ཁྲིམས་ལེའུ་ ༨ དོན་ཚན་ ༩༧ ནང་གསེས་ ༡ འོག་འོས་ཐོན་ལས་བཅར་ཞུས་པ་དེར་ཁྱབ་པ་ཡིན།

དོན་ཚན་ལྔ་པ།          ཕོགས་ཐོབ།

༡    དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་ཐོབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཇི་གནང་ལྟར་འཐོབ་རྒྱུ།

༢    དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐོན་བྱུང་སྐབས་སྔོན་གྱི་ལས་གནས་གང་ཡིན་པ་དེ་ནས་དགོངས་པ་ཞུ་འཁྲོལ་དགོས།

དོན་ཚན་དྲུག་པ།        གུང་གསེང་ཐོབ་ཐང༌།

༡    དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་ལོ་འཁོར་གཅིག་ནང་ལས་རྒྱུན་ཐོབ་ཆའི་གུང་གསེང་ཉིན་གྲངས་ ༣༠ ཡོད། དེ་དག་གུང་གསེང་དུ་མ་བླངས་པར་ལས་དོན་དུ་ཞུགས་པ་ཡིན་ན་ཟླ་གཅིག་གི་ཕོགས་འབབ་འཕར་མ་ཞུ་སྤྲོད་ཆོག དེ་བཞིན་ལོ་གཅིག་ནང་ངེས་མེད་གུང་གསེང་ཉིན་གྲངས་ ༩ ཞུ་སྤྲོད་ཆོག འོན་ཀྱང་ཞུ་ཐེངས་གཅིག་ལ་ཉིན་གྲངས་ ༥ ལྷག་ཞུ་སྤྲོད་མི་ཆོག

༢    ཐོབ་གསེང་ཟླ་གཅིག་ཧྲིལ་པོ་མ་ལོངས་པར་ཉིན་གྲངས་དེ་ལས་ཉུང་བ་དང༌། ཉིན་གྲངས་ཆ་ཤས་རིམ་བསགས་ཀྱིས་ཟླ་གཅིག་གི་ཕོགས་འབབ་འཕར་མ་ཞུ་སྤྲོད་མི་ཆོག འོན་ཀྱང་ལས་འཁུར་ཞུ་རྒྱུན་རིང་གུང་གསེང་རིམ་བསགས་ཀྱིས་མཐོ་ཚད་ཉིན་གྲངས་ ༦༠ གུང་གསེང་ཞུ་རྒྱུའི་དུས་ཡུན་ལེན་ཆོག་པ་དང༌། དེ་ལས་བརྒལ་ཚེ་རྩིས་མེད་ཡིན།དུས་སྐབས་གཅིག་ལ་དགོངས་ཞུ་ཉིན་གྲངས་ ༣༠ ལྷག་ཞུ་སྤྲོད་མི་ཆོག ཉིན་གྲངས་ ༣༠ ལྷག་ཞུ་དགོས་བྱུང་ན་དོ་བདག་ནས་རྒྱུ་མཚན་ཞིབ་འཁོད་དགོངས་སྙན་སྤྱི་འཐུས་རྒྱུན་ལས་སུ་ཕུལ་འབྱོར་མཚམས་ཉིན་གྲངས་ ༦༠ ལས་མ་བརྒལ་བ་སྤྲོད་ཆོག

༣ ལས་རྒྱུན་ཐོབ་ཆའི་གུང་གསེང་ལྷག་མ་མེད་རིགས་ལ་ཛ་དྲག་གུང་གསེང་དགོས་གལ་བྱུང་ན་དོ་བདག་ནས་རྒྱུ་མཚན་ཞིབ་འཁོད་དགོངས་སྙན་སྤྱི་འཐུས་རྒྱུན་ལས་སུ་ཕུལ་འབྱོར་མཚམས་ཕོགས་མེད་གུང་གསེང་ཉིན་གྲངས་ ༦༠ ལས་མ་བརྒལ་བ་སྤྲོད་ཆོག

༤    ཀ     ཐོབ་ཆའི་གུང་གསེང་ལྷག་མ་མེད་ཀྱང༌། ཛ་དྲག་ནད་མནར་གྱིས་སྨན་ཁང་དུ་ཉལ་སྡོད་བྱེད་དགོས་བྱུང་བ་དང༌། ནད་བབས་ཤིན་ཏུ་ལྕི་བས་སྨན་ཁང་དུ་བསྟེན་ཉལ་བྱས་ཕན་མེད་པའི་ཡོངས་གྲགས་ནང་ཁྱིམ་དུ་སྡོད་དགོས་དངོས་འབྲེལ་ཡིན་པའི་དགོངས་སྙན་སྤྱི་འཐུས་རྒྱུན་ལས་སུ་ཕུལ་འབྱོར་བྱུང་མཚམས་དངོས་ཡོད་རྒྱུ་མཚན་དང་བསྟུན་ཏེ་ཕོགས་ཡོད་ཟླ་བ་དྲུག་དང༌། ད་དུང་དྲག་སྐྱེད་མེད་པར་དགོངས་སྙན་ཕུལ་འབྱོར་བྱུང་ན་ཟླ་བ་དྲུག་ཕོགས་མེད་གུང་གསེང་སྤྲོད་ཆོག དེའི་རྗེས་སུའང་ལས་བཅར་མ་ཐུབ་ཚེ་དོ་བདག་ལས་གནས་ནས་རྩ་དགོངས་ཞུ་དགོས།

ཁ    དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བུད་མེད་ཡིན་ན། ཕྲུ་གུ་བཙས་དུས་དང༌། ཤོར་བ། མངལ་རླུགས་པ་བཅས་ཀྱི་སྐབས་ཟླ་གཉིས་ཕོགས་ཡོད་དང༌། ཟླ་གཅིག་ཕྱེད་ཕོགས་བཅས་ཁྱོན་ཉིན་གྲངས་ ༩༠ ཞུ་སྤྲོད་ཆོག

ག    ནད་མནར་གྱིས་ལས་བཅར་མ་ཐུབ་པར་ཚད་ལྡན་སྨན་པའི་ངོ་སྤྲོད་ཡི་གེ་ཡོད་ཚེ་ལོ་རེར་ཉིན་གྲངས་ ༣༠ ལས་མ་བརྒལ་བ་ཕྱེད་ཕོགས་དང༌། དེ་དག་ཉིན་གྲངས་ ༡༥ སྒང་ཕོགས་ཐོག་བརྗེ་བསྒྱུར་གྱིས་ནད་དགོངས་ཞུ་ཆོག ཉིན་གྲངས་ ༣༠ ལས་བརྒལ་བའི་ནད་དགོངས་ཞུ་དགོས་བྱུང་ཚེ་ལས་རྒྱུན་ཐོབ་ཆའི་གུང་གསེང་དང༌། གུང་གསེང་སྡེབ་གསོག་ཇི་ཡོད་ནས་ཞུ་དགོས།

༥    ལས་འཁུར་ཞུས་ཉིན་ནས་ཞབས་ཡུན་ཉུང་མཐར་ཟླ་གཅིག་སོང་རྗེས་རྐྱེན་འདས་གྱུར་པ་ཡིན་ན། དེའི་རྩ་ཕོགས་ཀྱི་བརྒྱ་ཆ་ ༢༥ ཐོབ་འབབ་རྗེས་ཤུལ་ནང་མི་འཚོ་རྟེན་ཡོང་འབབ་མེད་པ་ཞིག་ཡིན་ན་མང་མཐའ་ཟླ་གྲངས་ ༡༢ རིང་འཐོབ་རྒྱུ།

༦   གུང་གསེང་ལྷག་མ་བརྩི་ཕྱོགས།

བཅའ་ཁྲིམས་དོན་ཚན་ ༩༧ པའི་ནང་གསེས་ ༡ ནང་གསལ་བཞིན་རང་ཉིད་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ལས་འཁུར་ཞུས་པ་ནས་བཟུང་ལས་རྒྱུན་རིང་གི་ཐོབ་ཆའི་གུང་གསེང་རྣམས་བརྩི་དགོས་པ་ལས་རང་ཉིད་དེ་སྔོན་སྡེ་ཚན་གཞན་གང་རུང་དུ་ལས་ཞབས་ཞུས་པའི་སྐབས་ཀྱི་གུང་གསེང་ལྷག་མ་རྣམས་བརྩི་འཁུར་མི་ཆོག

དོན་ཚན་བདུན་པ།       སྨན་བཅོས་ཐོབ་ཐང༌།

༡    སྨན་བཅོས་ཀྱི་འགན་འཁུར།

ནད་མནར་སྨན་བཅོས་འགན་འཁུར་འཕྲོད་བསྟེན་ལས་ཁུངས་ལ་ཡོད།

༢    སྨན་བཅོས་བྱ་ཡུལ།

ཀ    དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གང་ཞིག་ཛ་དྲག་དང༌། ཛ་དྲག་མ་ཡིན་པའི་ནད་མནར་སྨན་བཅོས་བསྟེན་གཏུགས་བྱ་ཡུལ་ཐད། ས་གནས་སོ་སོར་བོད་མིའི་སྒྲིག་འཛུགས་ཀྱི་སྨན་ཁང་ཡོད་རིགས་ཀྱི་སྨན་པའི་འཛིན་སྐྱོང་སྤྱི་ཁྱབ་ཡོད་ན་དང༌། དེ་མིན་འགན་འཛིན་སུ་ཡིན་ནས་ནད་བབས་ངོས་སྦྱོར་ཡོད་པའི་ཐོག་སྨན་ཁང་དེ་ནས་སྨན་བཅོས་བྱེད་དགོས།

ཁ    སྨན་ཁང་དེ་ནས་སྨན་བཅོས་མ་ཐུབ་པ་དང། མཐུན་རྐྱེན་འཛོམས་མིན་གྱི་གནས་ཚུལ་བྱུང་ན་ངོས་སྦྱོར་དང་སྦྲགས་རྒྱ་བལ་འབྲུག་གསུམ་ནང་གི་གཞུང་གི་སྨན་ཁང་དང༌། གཞུང་གི་ཡན་ལག་སྨན་ཁང་གང་རུང་ལ་བསྟེན་གཏུགས་སྨན་བཅོས་བྱེད་དགོས། གལ་སྲིད་ནད་བབས་འདྲ་མིན་དང༌། ཛ་དྲག་ཆེ་བ། དུས་ཚོད་དང༌། ཆ་རྐྱེན་མ་འཛོམས་པ་བཅས་བྱུང་ན་སྒེར་པའི་སྨན་ཁང་གང་རུང་ལ་བསྟེན་གཏུགས་ཆོག

ག    གལ་སྲིད་བོད་མིའི་སྒྲིག་འཛུགས་དང་། རྒྱ་བལ་འབྲུག་གསུམ་ནང་གི་གཞུང་གི་སྨན་ཁང༌། ཡན་ལག་སྨན་ཁང་བཅས་མེད་པའི་ས་གནས་ཤིག་ཡིན་ན། སྒེར་པའི་སྨན་ཁང་དང་སྨན་བཅོས་བྱ་ཡུལ་གང་འོས་སུ་སྨན་བཅོས་བྱེད་དགོས།

ང    གློ་ནད་ཀྱི་རིགས་དང༌། འབྲས་ནད། མཛེ་ནད། རིག་འཚོ་མ་ཟིན་པ་བཅས་འབྲེལ་ཡོད་སྨན་ཁང་གང་རུང་ལ་བསྟེན་གཏུགས་བྱ་རྒྱུ།

༣   སྨན་བཅོས་ཐོབ་ཐང་དང༌། འགན་འཁུར།

ཀ  བཞུགས་སྒར་དུ་སྨན་རྩིས་ཁང་དང༌། བདེ་ལེགས་སྨན་ཁང་སོ་སོ་ནས་སྨན་བཅོས་འགན་འཁུར་དང༌། འགན་འཁུར་མི་ཐུབ་པའི་རིགས་སྨན་ཁང་གཞན་ལ་བསྟེན་གཏུགས་བྱ་རྒྱུའི་སྒྲིག་གསལ་ནད་བབས་གཞིར་བཟུང་ངོས་སྦྱོར་དང་འབྲེལ་ལམ་སྟོན་དགོས་རིགས་ཀྱི་འགན་འཁུར་བྱེད་དགོས། ནད་བབས་ཆུང་ཙག་རིགས་བསྟེན་གཏུགས་སྐབས་གོང་གསལ་སྨན་ཁང་གཉིས་ནས་སྤྱི་མཚུངས་བང་རིམ་དུ་སྒུག་སྡོད་མ་དགོས་པར་དམིགས་བསལ་དུས་ཚོད་སྤྲོད་དགོས།

ཁ  ཕན་ཚུན་ཕྱོགས་བསྐྱོད་སྐབས་ས་གནས་གང་རུང་དུ་ནད་མནར་བྱུང་ཚེ་ས་གནས་དེར་ཡོད་འཕྲོད་བསྟེན་ཁྱབ་ཁོངས་ཕྱི་ལུགས་དང༌། བོད་ཀྱི་གསོ་བ་རིག་པའི་ཡན་ལག་སྨན་ཁང་གང་འོས་ནས་སྤྱི་མཚུངས་སྨན་བཅོས་འགན་འཁུར་བྱེད་དགོས།

༤   སྨན་བཅོས་ཐོབ་ཐང་གི་རིམ་པ།

ཀ    སྨན་བཅོས་བྱ་ཡུལ་གང་ཡིན་དེའི་ཉལ་ཁང་ཨང་དང་པོའི་ཐོབ་ཐང་ཡོད། འོན་ཀྱང་རིམ་པ་སོ་སོའི་ཐོབ་ཐང་ལྟར་གྱི་ཉལ་ཁང་མེད་པ་དང༌། ཡང་ན་གཤམ་འོག་ཉལ་ཁང་ནང་མཐུན་རྐྱེན་འགྲིགས་ངེས་ཡོད་ན་དེས་འཐུས་རྒྱུ།

ཁ དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གང་ཞིག་ནད་མནར་སྨན་བཅོས་ཆེད་སྨན་ཁང་གང་ཞིག་ཏུ་བསྐྱོད་དགོས་ཀྱི་ལམ་གྲོན་ལས་དོན་ཕྱོགས་བསྐྱོད་སྐབས་ཀྱི་ཐོབ་ཐང་ཇི་ཡོད་ལྟར་དང༌། ནད་གཡོག་གཅིག་གི་ལམ་གྲོན་ནད་པ་གང་ཡིན་དེ་དང་གཅིག་གྱུར་ཡིན། ནད་པར་གོ་བབས་གཞིར་བཟུང་དང༌། ནད་གཡོག་ལ་རྒན་དྲུང་དང་འདྲ་བའི་ཟུར་ཕོགས་འཐོབ་རྒྱུ།

ག དགོས་གལ་མཆིས་རིགས་ནས་འདས་པའི་ལོ་གཉིས་ནང་སྨན་བཅོས་ཀྱི་ཐོབ་ཐང་ཞུས་སྩལ་མེད་ཚེ་བརྟག་དཔྱད་བྱ་དགོས་ཀྱི་གནས་ལུགས་དང་སྦྲགས་གཟུགས་བབས་བརྟག་དཔྱད་ཐེངས་རེ་གནང་རྒྱུར་འཕྲོད་བསྟེན་ལས་ཁུངས་སུ་སྙན་སེང་བཀའ་འཁྲོལ་ཞུ་ཐོབ་དགོས།

ང    དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གང་ཞིག་ནད་མནར་སྨན་བཅོས་བྱ་དགོས་སྐབས་ས་ཐོག་འཁོར་ལམ་མེད་པ་དང༌། ས་ལམ་བདེ་བགྲོད་མེད་པ། ཛ་དྲག་ཆེ་བ། ནད་བབས་དང་གང་ཅིའི་ཐད་སྔོན་ཚུད་བཀའ་འཁྲོལ་ཞུ་ཁོམ་མ་བྱུང་ན་རྗེས་སུ་རྩིས་འགྲོ་འཕེར་ངེས་ཐོབ་འཛིན་དང་མཉམ་དུ་གནམ་ཐོག་བསྐྱོད་དགོས་བྱུང་བའི་རྒྱུ་མཚན་གསལ་བཀོད་ཁུངས་སྐྱེལ་ཞུ་དགོས་པ་ཡིན། གལ་སྲིད་རྒྱུ་མཚན་ཁུངས་འཕེར་འདང་ངེས་མེད་ན་རྩིས་འགྲོ་གཏོང་རྒྱུ་མིན། འདི་རིགས་ལ་ཟུར་ཕོགས་ཀྱི་ཐོབ་ཐང་མེད།

ཅ  སོའི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཕྱི་ལུགས་སྨན་ཁང་དུ་བསྟེན་གཏུགས་བྱས་ཚེ་སྨན་གྲོན་འཛིན་གསལ་འཐོབ་རྒྱུ། སྒེར་པའི་སྨན་ཁང་དུ་བསྟེན་དགོས་མཆིས་ཚེ་འཕྲོད་བསྟེན་ཁྱབ་ཁོངས་ཕྱི་ལུགས་སྨན་ཁང་ནས་ངོས་སྦྱོར་དང་སྦྲགས་ལོ་ ༣ ནང་སྨན་ཡོན་འགྲོ་གྲོན་མཐོ་ཚད་ཧིན་སྒོར་ ༤༥༠༠།༠༠ ལས་མ་བརྒལ་བ་ཞུ་སྤྲོད་ཆོག དེ་རིགས་ལ་ལམ་གྲོན་ཐོབ་ཐང་མེད།

ཆ  སྨན་པའི་བརྟག་དཔྱད་ལྟར་མིག་ཤེལ་དང་། གོ་ནུས་ཡོ་ཆས་གསར་དུ་བཟོ་དགོས་དང༌། བརྗེ་དགོས། ཆག་སྐྱོན་སོང་བ་བཟོ་དགོས་མཆིས་ཚེ་ལོ་ ༢ ནང་མིག་ཤེལ་ལ་མཐོ་ཚད་ཧིན་སྒོར་ ༢༢༥༠།༠༠ དང་། ལོ་ ༣ ནང་གོ་ནུས་ཡོ་ཆས་ལ་མཐོ་ཚད་ཧིན་སྒོར་ ༡༠༠༠༠།༠༠ འཐོབ་རྒྱུ། དེ་རིགས་ལ་ལམ་གྲོན་ཐོབ་ཐང་མེད། དེ་ཡང་འཕྲོད་བསྟེན་ལས་ཁུངས་ནས་སྔོན་ཚུད་བཀའ་འཁྲོལ་ཞུ་ཐོབ་དགོས།

ཇ གཞུང་འབྲེལ་མིན་པ་སྒེར་དོན་སླད་རྒྱ་བལ་འབྲུག་གསུམ་ཕུད་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་རིང་ནད་མནར་སྨན་བཅོས་བྱ་དགོས་མཆིས་ཚེ་སྨན་བཅོས་ཀྱི་འགྲོ་གྲོན་ཇི་སོང་དོ་བདག་སོ་སོས་སྤྲོད་དགོས།

ཉ    སྒྲིག་གཞི་འདིའི་དགོངས་དོན་ཐོབ་ཐང་བཞེས་མཁན་རྣམས་ལ་འཕྲོད་བསྟེན་ལས་ཁུངས་ནས་ངོ་སྤྲོད་ཕྱག་འཁྱེར་རེ་འབུལ་དགོས།

༥    སྨན་བཅོས་མཐུན་རྐྱེན།

ཀ    དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ནས་ཟླ་རེའི་སྒང་ཕོགས་ཀྱི་བརྒྱ་ཆ་གཉིས་རེ་འཕྲོད་བསྟེན་ལས་ཁུངས་སུ་འབུལ་དགོས།

ཁ    སྨན་བཅོས་ཀྱི་འགྲོ་གྲོན་འགན་འཁུར་འཕྲོད་བསྟེན་ལས་ཁུངས་ནས་ལེན་མི་དགོས་པར་དོ་བདག་སོ་སོས་བྱེད་ནའང་འདོད་མོས་ཡིན་ཅིང༌། དེ་རིགས་ནས་ཟླ་རེའི་སྒང་ཕོགས་ཀྱི་བརྒྱ་ཆ་ ༢ རེ་འཕྲོད་བསྟེན་ལས་ཁུངས་སུ་བསྡུ་འབུལ་མི་དགོས།

ག གོང་གསལ་བརྒྱ་ཆ་གཏན་འབེབས་ལྟར་སྨན་བཅོས་དོད་ཕུལ་རིགས་ལ་རྒྱ་བལ་འབྲུག་གསུམ་ནང་ནད་མནར་སྨན་བཅོས་སྐབས་སྒྲིག་མཐུན་སྨན་བཅོས་འགྲོ་གྲོན་ཇི་སོང་འཕྲོད་བསྟེན་ལས་ཁུངས་ནས་གནང་རྒྱུ།

ང    ནད་མནར་སྐབས་སྒྲིག་གཞི་ལྟར་གྱི་སྨན་བཅོས་འགྲོ་གྲོན་གཏོང་དགོས་རིགས་འཕྲོད་བསྟེན་ལས་ཁུངས་ལ་སྙན་སེང་བཀའ་འཁྲོལ་ཞུ་དགོས། འོན་ཀྱང་གློ་བུར་ཛ་དྲག་ནད་མནར་རིགས་ནས་ཉིན་བཅུའི་ནང་ཚུན་བཀའ་འཁྲོལ་ཞུ་འཐུས།

ཅ    སྨན་བཅོས་ཇི་བྱས་ཀྱི་འགྲོ་སོང་རྩིས་ཁྲ་མཐའ་དག་ཁུངས་སོ་སོ་ནས་ཟླ་བ་ ༣ ནང་ཚུན་ཁུངས་འཕེར་ཐོབ་འཛིན་དང་བཅས་རྩིས་འགྲོ་འཕེར་ངེས་ཀྱི་རྩིས་ཁྲ་ཁམས་དྭངས་འབུལ་དགོས།

དོན་ཚན་བརྒྱད་པ།       གཞུང་དོན་ཕྱོགས་བསྐྱོད་ཀྱི་ལམ་གྲོན་དང༌། ཟུར་ཕོགས་ཐོབ་ཐང༌།

དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་རྒྱ་གར་དང༌། བལ་ཡུལ། འབྲུག་ཡུལ་བཅས་དང༌། དེ་ལས་གཞན་པའི་ཡུལ་གྲུ་ཁག་ཏུ་གཞུང་དོན་ཕྱོགས་བསྐྱོད་སྐབས་ཀྱི་འགྲིམ་འགྲུལ་འགྲོ་གྲོན་ཐོབ་ཐང༌།

༡    དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་གནམ་གྲུ་དཀྱུས་མ་(Economy) དང༌། མེ་འཁོར་ཨང་དང་པོ། གྲང་གློག་ཨང་གཉིས་པར་བསྐྱོད་རྒྱུའི་ཐོབ་ཐང་ཡོད། འོན་ཀྱང་གྲང་གློག་ཨང་གཉིས་པར་གཟིམ་ཁྲི་མ་ཐོབ་ཚེ་གྲང་གློག་ཨང་དང་པོར་བསྐྱོད་ཆོག

༢    ཟུར་ཕོགས་ཀྱི་དུས་ཡུན་དང༌། ས་ཐག་བརྩི་སྟངས།

ཀ    ས་ཐག་ཀི་ལོ་མི་ཊར་ ༡༢ བརྒལ་ཏེ་ཆུ་ཚོད་ ༦ ཡན་གྱི་དུས་ཡུན་ཇི་སོང་ལ་ཉིན་རེའི་ཟུར་ཕོགས་ཆ་ཚང་འཐོབ་རྒྱུ། དུས་ཡུན་ཆུ་ཚོད་ ༦ མན་དང་ཆུ་ཚོད་ ༣ ཡན་ལ་ཉིན་རེའི་ཟུར་ཕོགས་ཕྱེད་འབབ་འཐོབ་རྒྱུ།

ཁ    ས་གནས་གཅིག་ཏུ་འགོར་ཡུན་ཉིན་གྲངས་ ༡༥ བར་ཉིན་རེའི་ཟུར་ཕོགས་ཆ་ཚང་དང༌། དེའི་རྗེས་ཉིན་གྲངས་ ༢༥ བར་ལ་ཟུར་ཕོགས་ཕྱེད་འབབ་འཐོབ་རྒྱུ། དེ་ལས་བརྒལ་རིགས་ལ་ཟུར་ཕོགས་ཀྱི་ཐོབ་ཐང་མེད། གསོལ་ཚིགས་ནར་གཏོང་ཡོད་ན་ཉིན་རེའི་ཟུར་ཕོགས་ཕྱེད་འབབ་འཐོབ་རྒྱུ།

ག    གོང་གསལ་ས་གནས་གཅིག་ཏུ་ཞེས་པ་ནི། ཀི་ལོ་མི་ཊར་ ༡༠ རྒྱང་ཁད་ལས་མེད་རིགས་སྡེ་ཚན་འདྲ་མིན་ཇི་ཡོད་ལ་ས་གནས་གཅིག་ཏུ་བརྩི་རྒྱུ་དང༌། གྲོང་ཁྱེར་ཁག་ལ་ས་ཐག་རིང་ཐུང་གི་ཚད་གཞི་མེད་པར་ས་གནས་གཅིག་ཏུ་བརྩི་རྒྱུ།

༣   གཏན་འཇགས་ཕྱོགས་བསྐྱོད་ཀྱི་ལམ་གྲོན།

ཀ    གསར་འདེམས་ལས་བཅར་དང༌། བགྲེས་ཡོལ། ཁྲིམས་མཐུན་ལས་ཐོན་ཕྱིར་ལོག་སྐབས་སོ་སོའི་ཕ་མ་དང༌། བཟའ་ཟླ་གང་རུང་གི་ཕ་མ། དེ་བཞིན་རང་གི་ཕྲུ་གུ་ངོ་མ་ཇི་ཡོད། ཡང་ན་ཕྲུ་གུ་ངོ་མ་མེད་རུང་བུ་ཚབ་བམ་གསོས་ཕྲུག་ཉར་བ། དེ་བཞིན་འདོད་གཅིག་ནང་མིའམ། ཤག་ཚང་ཡོངས་གྲགས་ཀྱི་དཔང་འཕེར་ངོས་སྦྱོར་ཡོད་ཚེ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གང་དེའི་ཐོབ་ཐང་གཞིར་བཟུང་ནང་མིར་ལམ་གྲོན་ཆ་ཚང་ཐོབ་ཐང་ཡོད་རུང༌། ནང་མི་མཉམ་བསྐྱོད་མ་ཐུབ་པས་སྔ་རྗེས་སུ་བསྐྱོད་དགོས་ཀྱི་དམིགས་བསལ་རྒྱུ་མཚན་ཡོད་ན་སྐབས་མཚམས་རྗེས་སུ་ཟླ་བསྒྲིལ་ཆོག་པ་སྤྱི་འཐུས་རྒྱུན་ལས་སུ་བཀའ་འཁྲོལ་ཆོག་མཆན་ཞུ་དགོས།

ཁ    གསར་འདེམས་ལས་བཅར་དང༌། ལས་ཐོན་ཕྱིར་ལོག་སྐབས་ཅ་དངོས་ལྗིད་ཚད་ཀི་ལོ་ ༡༢༠༠ བདལ་གླའི་ཐོབ་ཐང་ཡོད། འོན་ཀྱང་ཅ་དངོས་ཀྱི་ལྗིད་ཚད་འདེགས་འགྱོགས་བྱས་པའི་གླ་འབབ་སྤྲད་འཛིན་ཁུངས་འཕེར་དགོས་པ་དང༌། རྒྱུན་ལྡན་དགོས་མཁོ་མ་ཡིན་པའི་ཚོང་ཟོག་དང༌། གཞན་གྱི་ཅ་དངོས་རིགས་འཁྱེར་མི་ཆོག རང་གི་ཅ་དངོས་རྣམས་མཉམ་འཁྱེར་བྱ་རྒྱུ་ལས་སྔ་རྗེས་རིམ་འཛར་དུ་འཁྱེར་ན་གོང་གསལ་གྱི་ཐོབ་ཐང་མེད་རུང༌། མཉམ་འཁྱེར་མི་ཐུབ་པའི་དམིགས་བསལ་དཀའ་ངལ་དང༌། རྒྱུ་མཚན་གཞན་ཡོད་ན་སྐབས་མཚམས་འབྲེལ་ཡོད་ལས་ཁུངས་ནས་དཔང་འཕེར་ཡིག་ཆ་ཞུས་ཏེ་རྗེས་སུ་འོར་འདྲེན་ཆོག་པའི་འབྲེལ་ཡོད་ལས་ཁུངས་ནས་ཆོག་མཆན་བཀའ་འཁྲོལ་ཞུ་དགོས། ལས་བཅར་དང༌། ལས་ཐོན་ཕྱིར་ལོག་སྐབས་གནམ་བསྐྱོད་རིགས་ལ་མཉམ་འཁྱེར་ཅ་དངོས་ (Check in baggage) གནམ་སྒྲིག་ལྟར་ལས་མ་བརྒལ་བའི་ཐོག གནམ་ཐོག་ (Cargo) བརྒྱུད་ཀི་ལོ་ ༧༥ ལས་མང་བ་འཁྱེར་མི་ཆོག ཡང་རྒྱུན་ལྡན་གཞུང་དོན་ཕྱོགས་བསྐྱོད་སྐབས་མཉམ་འཁྱེར་ཅ་དངོས་ (Check in baggage) ལྗིད་ཚད་གནམ་གྲུ་སོ་སོའི་ཚད་གཞི་ལྟར་མཉམ་འཁྱེར་ཆོག གཞུང་འབྲེལ་ཅ་དངོས་དེབ་རིགས་སོགས་མཉམ་འཁྱེར་དགོས་རིགས་ཀྱི་ལྗིད་ཚད་རིན་འབབ་ཇི་བྱེད་ཀྱང་ཐོབ་འཛིན་ལྟར་ཞུ་སྤྲོད་ཆོག

ག    དོས་རྒྱག་དང་ཅ་དངོས་འོར་འདྲེན། ལས་མིའི་ལས་གླ་བཅས་ཀྱི་ཆེད་སྤོམ་ཚོད་སྒོར་ ༥༠༠ རེ་འཐོབ་རྒྱུ་དང༌། ཕྱོགས་གཅིག་ལ་ས་ཐག་ཀི་ལོ་མི་ཊར་ ༦༠༠ ནང་ཚུན་འགྲུལ་བཞུད་སྣུམ་འཁོར་རམ། དོས་སྐྱེལ་འཁོར་གླའི་གླ་འབབ་ཞུ་སྤྲོད་ཆོག་རྒྱུ།

ང    བདལ་གླ་སྤོམ་དངུལ་ཞུ་དགོས་རིགས་རྒྱུ་མཚན་ཁུངས་འཕེར་འདང་ངེས་གཟིགས་ཚེ་མང་མཐའ་སྒོར་ ༢༠༠༠ བཀའ་འཁྲོལ་གནང་ཆོག

ཅ    དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལས་རྒྱུན་རིང་སྒེར་དོན་ཕྱོགས་བསྐྱོད་སྐབས་དགོས་གལ་བྱུང་ན་ཕྱོགས་གཅིག་ལ་ས་ཐག་ཀི་ལོ་མི་ཊར་ ༣༠༠ ཚད་གཞིའི་ནང་སྣུམ་རིན་དང༌། ཁ་ལོ་པའི་ཉིན་རེའི་ཕྱོགས་བསྐྱོད་ཟུར་ཕོགས་སྒེར་སྤྲོད་ཀྱིས་སྣུམ་འཁོར་འཁྲིད་ཆོག

དོན་ཚན་དགུ་པ།        ལས་ཤག་ཐོབ་ཐང་དང༌། ཕྱིར་འབུལ།

ལས་ཤག་ཐོབ་ཐང་དང༌། ཕྱིར་འབུལ་བཅས་ཀྱི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱི་ལས་ཤག་བགོ་འགྲེམས་སྒྲིག་གཞི་ལྟར་བྱ་རྒྱུ།

དོན་ཚན་བཅུ་པ།        ཕྲུ་གུ་སློབ་འཇུག

༡    དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐོན་ལས་བཅར་ཞུས་ཉིན་ནས་ཕྲུ་གུ་སློབ་འཇུག་ལས་བྱེད་པའི་ཕྲུ་གུ་སྤྱི་མཚུངས་ལྟར་ཤེས་རིག་ལས་ཁུངས་དང༌། བོད་ཁྱིམ་བཅས་སུ་སྐབས་སོ་སོར་སྒྲིག་གསལ་བཞིན་རྒྱན་རྒྱག་གིས་སློབ་འཇུག་བྱ་རྒྱུ།

༢    ལས་འཁུར་འཁྱུར་མཚམས་ནས་ཕྲུ་གུ་སློབ་གྲྭར་མུ་མཐུད་བཞག་ཚེ་ཞབས་ལོ་གཉིས་ཧྲིལ་པོ་མ་ལོན་པའི་རིགས་ནས་སློབ་ཡོན་ཆ་ཚང་ཁུངས་འབུལ་དགོས་པ་དང༌། དེ་མིན་སློབ་ཡོན་འབུལ་ཕྱོགས་རེའུ་མིག་གཤམ་གསལ།

ཞབས་ལོ་ལོན་པ།           སློབ་ཡོན་བརྒྱ་ཆ།

༢                           ༣༠

༣                          ༢༠

༤                          ༡༠

༥                          འབུལ་མི་དགོས།

༣   འོན་ཀྱང་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ལས་འཁུར་དུ་མ་ཞུགས་སྔོན་གྱི་ལས་གནས་གང་ཡིན་སྐབས་ཕྲུ་གུ་སློབ་འཇུག་གི་ཐོབ་ཐང་ཡོད་བཞིན་པ་དེ་དང༌། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ལས་ཐོག་ནས་ལས་འཁྱུར་སྐབས་ཀྱི་ཐོབ་ཐང་གཉིས་ནས་གདམ་ཀ་ཆོག་པ་ཡིན།

དོན་ཚན་བཅུ་གཅིག་པ།   གསོག་དངུལ་ཐོབ་ཐང༌།

ཕྱིར་བསྡུ།

དོན་ཚན་བཅུ་གཉིས་པ།   ཆོག་མཆན་དང༌། རྩིས་ཁྲ།

དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཕྱོགས་བསྐྱོད་དང༌། གསར་འདེམས་ལས་བཅར། བགྲེས་ཡོལ་ཕྱིར་ལོག་སྐབས་ལམ་གྲོན། བདལ་གླ་བཅས་རྩིས་འགྲོ་འཕེར་ངེས་ཀྱི་རྩིས་ཤོག་ལ་ཁུངས་སོ་སོའི་དྲུང་ཆེའམ་འགན་འཛིན་སྡེ་ཚན་གྱི་ལས་བྱེད་ཅིག་ནས་དག་མཆན་འཁོད་དགོས་པ་ལས་རང་ཉིད་ནས་ཆོག་མཆན་སྤྲོད་མི་ཆོག འགྲོ་གྲོན་རྩིས་ཁྲ་ཁམས་དྭངས་ཟླ་བ་ ༢ ནང་ཚུན་ངེས་པར་འབུལ་དགོས།

དོན་ཚན་བཅུ་གསུམ་པ།   ལས་ཐོན་བགྲེས་ཕོགས་ཐོབ་ཐང་དང༌། ཞབས་ལོ་བརྩི་ཕྱོགས།

༡    དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐོན་ལས་བཅར་ཞུས་ཉིན་ནས་ལས་རྒྱུན་ཉུང་མཐར་ལོ་ ༡ ཆ་ཚང་ལོན་པ་དང༌། མང་མཐར་ཞབས་ལོ་ ༥ ཆ་ཚང་ལོན་པ་ཞིག་ལ་ལས་ཐོན་བགྲེས་ཕོགས་ཐོབ་ཐང་ཡོད། བགྲེས་ཕོགས་བརྩི་ཕྱོགས་རང་ཉིད་ལས་འཁུར་ནས་འཁྱུར་ཁའི་རྩ་ཕོགས་ཀྱི་བརྒྱ་ཆ་ ༥༠ ཐོག་རྩིས་བསྐོར་བྱ་རྒྱུ། ལས་རྒྱུན་ཞབས་ལོ་ ༥ ཆ་ཚང་ལོན་པ་ཞིག་ལ་རྩ་ཕོགས་ཀྱི་བརྒྱ་ཆ་ ༢༥ ཡང་ན་བགྲེས་ཕོགས་ཀྱི་བརྒྱ་ཆ་ ༥༠ འཐོབ་རྒྱུ། ཞབས་ལོ་ ༡ ཆ་ཚང་ལོན་པ་ཞིག་ལ་བགྲེས་ཕོགས་ཀྱི་བརྒྱ་ཆ་ ༣༠ གཤམ་གསལ་རེའུ་མིག་ལྟར་འཐོབ་རྒྱུ།

ཞབས་ལོ་ལོན་པ།                བགྲེས་ཕོགས་ཀྱི་བརྒྱ་ཆ།

༥                                     ༥༠

༤                                    ༤༥

༣                                    ༤༠

༢                                     ༣༥

༡                                     ༣༠

༢    ལས་བྱེད་རྣམས་ལ་ཡུལ་ཐང་གུན་གསབ་སྤར་ཆ་གནང་སྐབས་སྤྱི་མཚུངས་བགྲེས་ཕོགས་ཐོག་སྤར་ཆ་འཐོབ་རྒྱུ།

དོན་ཚན་བཅུ་བཞི་པ།    བགྲེས་ཕོགས་གདམ་ཀ

༡ ལས་བྱེད་བགྲེས་ཡོལ་ཕོགས་ཐོབ་ཞུ་རྒྱུའི་ཐོབ་ཐང་ཡོད་པ་ཞིག་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐོན་བྱུང་བ་ཡིན་ན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ལས་ཐོན་བགྲེས་ཕོགས་དང༌། ལས་བྱེད་པའི་བགྲེས་ཕོགས་ཐོབ་ཐང་གཉིས་ནས་གང་མང་བ་དེ་ཞུ་སྤྲོད་ཆོག འོན་ཀྱང་ལས་བྱེད་པ་གང་ཞིག་ ༢༠༠༤ ཟླ་ ༤ ཚེས་ ༨ ཉིན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་ལས་བཅར་ཞུ་མུས་དང་དེ་བཞིན་དེའི་རྗེས་བསྐོ་གཞག་དང་འདེམས་ཐོན་བྱུང་བ་ཡིན་ན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ལས་རྒྱུན་ཇི་སོང་ལས་བྱེད་པའི་ཞབས་ལོར་བསྣན་ཏེ་བགྲེས་ཕོགས་ཀྱི་ཐོབ་ཐང་ཞུ་སྤྲོད་ཆོག

༢    ལས་བྱེད་བགྲེས་ཡོལ་སོང་ཟིན་པ་ཞིག་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐོན་བྱུང་རིགས་ལ་ལས་འཁུར་ཞུ་ཡུན་རིང་དེ་སྔའི་བགྲེས་ཕོགས་ཞུ་རྒྱུའི་ཐོབ་ཐང་མེད།

དོན་ཚན་བཅོ་ལྔ་པ།      གཟིགས་གསོལ།

དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐོན་ལས་བཅར་ཞུས་ཉིན་ནས་ཞབས་ལོ་ཧྲིལ་པོ་ཇི་སོང་ལ་མཛད་འགན་འཁྱུར་ཁའི་ཟླ་རེའི་ཕོགས་ཐོབ་བསྒྱུར་འབབ་གཟིགས་གསོལ་འཐོབ་རྒྱུ།

དོན་ཚན་བཅུ་དྲུག་པ།     ལས་ཐོན་བགྲེས་ཤག་ཐོབ་ཐང༌།

ལས་བྱེད་བགྲེས་ཡོལ་ཐོབ་ཐང་ཡོད་པ་ཞིག་ཡིན་ན་བགྲེས་ཡོལ་སྤྱི་མཚུངས་དྲུང་ཆེའི་གནས་རིམ་གྱི་བགྲེས་ཤག་འཐོབ་རྒྱུ་དང་། བགྲེས་ཡོལ་ཐོབ་ཐང་མེད་པ་ཞིག་ཡིན་ན་ལས་རྒྱུན་ཞབས་ལོ་ ༥ ཧྲིལ་པོ་ལོན་པ་ཞིག་ལ་བགྲེས་ཤག་ཐོབ་ཐང་ཡོད། དེ་མིན་བགྲེས་ཤག་གོ་སྒྲིག་མ་ཐུབ་བར་ཁང་དོད་དུས་ནས་དུས་སུ་གཏན་འབེབས་ལྟར་འཐོབ་རྒྱུ། འོན་ཀྱང་གཞིས་ཁང་དང་གླ་མེད་གཞུང་ཁང་། རང་བདག་ཁང་པ་ཡོད་མཁན་ལ་བགྲེས་ཤག་དང་ཁང་གླའི་དོད་ཐོབ་ཐང་མེད།

ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༤ ཉིན༌དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་གམ་འདེམས་ཐོན་བྱུང་རིགས་ནས་ལས་བྱེད་པའི་བགྲེས་ཡོལ་ཐོབ་ཐང་བདམས་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་དོན་ཚན་ ༡༢ པའི་ནང་གསེས་ ༣ པ་ནང་གསལ་ལྟར་བགྲེས་ཤག་མ་ཐོབ་བར་ཁང་དོད་གཏན་འབེབས་བཞིན་ཞུ་སྤྲོད་ཆོག་རྒྱུ་དང་། གཞིས་ཁང་ཐོབ་ཐང་དང་རང་བདག་ཁང་པ་ཡོད་མེད་ལ་མ་ལྟོས་པར་ཐེངས་གཅིག་རིང་གནས་རིམ་དེར་ད་ལྟའི་ལས་ཁུར་འཁྱུར་སྐབས་བགྲེས་ཕོགས་ཇི་ཐོབ་ལོ་བཅུས་བསྒྱུར་བའི་དངུལ་འབོར་བགྲེས་ཤག་དོད་དུ་ཞུ་སྤྲོད་ཆོག་ཀྱང་མང་མཐའི་ཚད་གཞི་གོང་གསལ་སྒྲིག་གཞི་དོན་ཚན་ ༡༢ པའི་ནང་གསེས་ ༣ པ་ནང་གསལ་ལས་མ་བརྒལ་བ་བྱ་དགོས། འདི་རིགས་ལ་དེའི་རྗེས་བགྲེས་ཤག་གི་ཐོབ་ཐང་མེད་པ་དང་། ཟླ་གཉིས་ནང་ཚུན་ལས་ཤག་ཕྱིར་འབུལ་ཞུ་དགོས།

དོན་ཚན་བཅུ་བདུན་པ།   བགྲེས་ཡོལ་སྨན་བཅོས་ཐོབ་ཐང༌།

ལས་བྱེད་པའི་བགྲེས་ཡོལ་སྨན་བཅོས་ཐོབ་ཐང་སྒྲིག་གཞིའི་ནང་གསལ་དྲུང་ཆེའི་ཐོབ་ཐང་གཏན་འབེབས་ཇི་གནང་ལྟར་འཐོབ་རྒྱུ།

དོན་ཚན་བཅོ་བརྒྱད་པ།   ནང་མིའི་བགྲེས་ཕོགས།

རྐྱེན་འདས་གྱུར་པའི་བགྲེས་ཡོལ་བ་གང་ཞིག་གི་རྗེས་ཤུལ་བཟའ་ཟླ་ཇི་སྲིད་འཚོ་བའི་རིང་བགྲེས་ཡོལ་ཕོགས་ཐོབ་ཀྱི་བརྒྱ་ཆ་ ༢༥ འབབ་དང༌། གལ་ཏེ་བསྐྱར་དུ་ཆང་ས་བརྒྱབས་པའམ་འདས་གྲོངས་སུ་གྱུར་ཚེ། འཚོ་རྟེན་ཡོང་འབབ་མེད་པའི་ལྟོས་བཅས་ཕྲུ་གུ་རང་ལོ་ ༢༥ མན་ཡོད་ན་དེ་ལ་མ་གཏོགས་ཐོབ་ཐང་མེད།

དོན་ཚན་བཅུ་དགུ་པ།    འགན་འཛིན་ལས་འཕར་གཉིས་ཀྱི་ཐོབ་ཐང༌།

སྲིད་སྐྱོང་དང༌། བོད་མི་མང་སྤྱི་འཐུས་རྣམ་པའི་འོས་བསྡུའི་སྐབས་དབུས་འོས་བསྡུ་ལས་ཁང་དུ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པ་ལ་བགྲེས་ཕོགས་དང༌། གཟིགས་གསོལ་མ་གཏོགས་འགན་འཛིན་དང་འདྲ་བའི་ཐོབ་ཐང་ཡོད།

དོན་ཚན་ཉི་ཤུ་པ།        སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང༌། བཀའ་ཤག སྤྱི་འཐུས་གང་རུང་ནས་འཆར་འབུལ་གྱིས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

 

གོང་གསལ་སྒྲིག་གཞི་འདི་བཞིན་བསྐྱར་བཅོས་ཇི་སོང་དང་བཅས་ཆ་ཚང་ཕྱི་ལོ་ ༢༠༢༣།༤།༡༠ ཉིན་ཕྱོགས་བསྒྲིགས་ཞུས།