༄༅། །ངེས་མེད་ཞལ་འདེབས་འདུ་འགོད་ཀྱི་སྒྲིག་གཞི།

དོན་ཚན་དང་པོ།         མིང༌།

སྒྲིག་གཞི་འདི་ལ་ངེས་མེད་ཞལ་འདེབས་འདུ་འགོད་ཀྱི་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༡ ཅེས་འབོད་རྒྱུ།

དོན་ཚན་གཉིས་པ།       ཆ་རྐྱེན།

སྒྲིག་གཞི་འདི་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང༌། བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་ལེའུ་ ༤ པའི་དོན་ཚན་ ༡༤ པའི་འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ།      འགོ་འཛུགས།

སྒྲིག་གཞི་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༩ ཉིན་ཆོག་མཆན་སྩལ་བ་ནས་འགོ་འཛུགས་ཞུས།

དོན་ཚན་བཞི་པ།        ཁྱབ་ཚད།

སྒྲིག་གཞི་འདིས་བོད་ཀྱི་ཡུལ་མི་ཡིན་མིན་ལ་མ་ལྟོས་པར་སྒེར་པའམ། ཚོགས་སྡེ། སྒྲིག་འཛུགས་བཅས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱིས་དང་བླངས་ཞལ་འདེབས་འབུལ་མཁན་ཡོངས་ལ་ཁྱབ་པ་ཡིན།

དོན་ཚན་ལྔ་པ།          ཞལ་འདེབས་ཀྱི་ངོ་བོ།

ཞལ་འདེབས་འདི་ནི་བོད་ཀྱི་ཡུལ་མི་ཡིན་མིན་ལ་མ་ལྟོས་པར་མི་རིགས་སྤྱི་ཡོངས་ནས་བོད་མི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས། བོད་ཀྱི་བདེན་པའི་འཐབ་རྩོད་བཅས་ལ་བརྩེ་ཞེན་དང༌། རྒྱབ་སྐྱོར་མཚོན་བྱེད་དུ་མ་བསྐུལ་དང་བླངས་ཀྱིས་ཕུལ་བའི་བསྡུ་དངུལ་ཞིག་ཡིན།

དོན་ཚན་དྲུག་པ།        ཞལ་འདེབས་འབབ་ཚད།

ཞལ་འདེབས་འབུལ་མཁན་སོ་སོས་རང་རང་བློས་བཅད་ཀྱིས་འབུལ་འབབ་ཇི་བྱུང་བསྡུ་ལེན་བྱ་རྒྱུ་ལས་ཚད་གཞི་གཏན་འབེབས་གང་ཡང་མེད།

 

དོན་ཚན་བདུན་པ།       ཞལ་འདེབས་བསྡུ་ལེན།

༡    ཕྱི་རྒྱལ་ཡུལ་ཁག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁག་དང༌། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་ས་གནས་འགོ་འཛིན་བཅས་ལ་ངེས་མེད་ཞལ་འདེབས་བསྡུ་ལེན་བྱ་རྒྱུའི་འགན་དབང་ཆ་ཚང་ཡོད་ཅིང༌། ཁྱབ་ཁོངས་སུ་ཡོད་པའི་ངེས་མེད་ཞལ་འདེབས་འབུལ་འདོད་ཡོད་རིགས་ཀྱི་མིང་གཞུང་མ་དེབ་བདག་ཉར་ཐོག་ཞལ་འདེབས་ལོ་ལྟར་བསྡུ་ལེན་དང༌། དོ་བདག་སོ་སོར་དཔལ་འབྱོར་ལས་ཁུངས་ནས་སྤྲད་པའི་ལག་དེབ་ནང་དངུལ་འབབ་ལ་གཞིགས་པའི་སྦྱར་ཐམ་ངེས་པར་སྦྱར་དགོས། ལག་དེབ་དང་སྦྱར་ཐམ་མེད་པའི་ཞལ་འདེབས་བསྡུ་ལེན་མི་ཆོག

༢    བསྡུ་ལེན་ཟིན་པའི་འབབ་དངུལ་ཟླ་དྲུག་རེའི་ནང་དཔལ་འབྱོར་ལས་ཁུངས་སུ་འགེངས་ཤོག་གཏན་འབེབས་ལྟར་རྩིས་སྤྲོད་ཟིན་པ་དགོས། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ནས་དངུལ་འབབ་དངོས་སུ་གཏོང་མ་དགོས་པར་དཔལ་འབྱོར་ལས་ཁུངས་ཀྱི་སྐབས་བསྟུན་ལམ་སྟོན་ཇི་བྱུང་ལྟར་བྱ་རྒྱུ།

དོན་ཚན་བརྒྱད་པ།       ཞལ་འདེབས་བསྡུ་ལེན་བྱེད་ཕྱོགས།

༡    ཞལ་འདེབས་བསྡུ་ལེན་ཆེད་བྱུང་འཛིན་དང་ལག་དེབ། སྦྱར་ཐམ་བཅས་གང་དགོས་དཔལ་འབྱོར་ལས་ཁུངས་ཀྱིས་དུས་ནས་དུས་སུ་གཏན་འབེབས་བྱ་རྒྱུ།

༢    ངེས་མེད་ཞལ་འདེབས་འབུལ་མཁན་སོ་སོར་ལག་དེབ་དཔལ་འབྱོར་ལས་ཁུངས་ནས་བཟོ་སྤྲོད་དང༌། དེའི་ལོ་རྒྱུས་སྙིང་བསྡུས་འཁོད་པའི་གྲངས་ཐོ་དཔལ་འབྱོར་ལས་ཁུངས་སུ་ཉར་ཚགས་བྱ་རྒྱུ།

༣   ཞལ་འདེབས་བསྡུ་ལེན་ཚགས་ཚུད་འབྱུང་ཐབས་སུ་ལམ་སྟོན་ཇི་དགོས་དཔལ་འབྱོར་ལས་ཁུངས་ཀྱིས་དུས་ནས་དུས་སུ་བྱ་རྒྱུ།

༤ ཕྱི་རྒྱལ་སྐུ་ཚབ་དོན་ཁང་ཁག་དང་ས་གནས་འགོ་འཛིན་ལས་ཁང་སོ་སོས་སྦྱར་ཐམ་རྣམས་ཀྱི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་ཁམས་དྭངས་ཉར་དགོས་ཐོག་ལོ་ལྟར་རྩིས་ཞིབ་ངེས་པར་དགོས་རྒྱུ།

༥    དཔལ་འབྱོར་ལས་ཁུངས་ནས་ཞལ་འདེབས་བསྡུ་ལེན་ཇི་བྱུང་གཞུང་གི་ཕྱོགས་བསྡོམས་མ་དངུལ་དུ་ཚུད་པ་བྱ་རྒྱུ་དང༌། དངུལ་འབབ་འདི་དག་དཔལ་འབྱོར་ལས་ཁུངས་ཀྱི་གཏན་འཇགས་མ་དངུལ་ཐོག་བསྣན་དགོས།

དོན་ཚན་དགུ་པ།        སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་བཀའ་ཤག་གི་རྒྱབ་གཉེར་དང་སྦྲགས་སྤྱི་འཐུས་ལྷན་ཚོགས་ནས་མང་མོས་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

 

གོང་གསལ་སྒྲིག་གཞི་འདི་བཞིན་བསྐྱར་བཅོས་ཇི་སོང་དང་བཅས་ཆ་ཚང་ཕྱི་ལོ་ ༢༠༢༣།༤།༡༠ ཉིན་ཕྱོགས་བསྒྲིགས་ཞུས།