༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༡ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་འདིར་གཞིས་བྱེས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་པའི་དགའ་སྟོན་དུས་དྲན་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ། རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་བཅས་ཆབས་ཅིག་གནང་བའི་མཛད་སྒོར་ཆིབས་སྒྱུར་གནང་བའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། དཔལ་ལྡན་རང་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་ལས་ཟུར་རྣམ་པ། དཔལ་ལྡན་བཀའ་བློན་ཁྲི་ཚབ་མཆོག་གིས་དབུས་བཀའ་བློན་ལས་ཟུར་རྣམ་པ། ཕྱག་སྦྲེལ་དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་སྤྱི་འཐུས་ལས་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་ལས་ཟུར་རྣམ་པ། དྲུང་ཆེ་འགན་འཛིན་རྣམ་པས་དབུས་གཞུང་ཞབས་ལས་ཟུར་ཆེ་ཕྲ། རྡ་ས་ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་གཙོ་དང་ཚོགས་མི་རྣམ་པ། རྡ་ས་ས་གནས་འགོ་འཛིན། ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་དང་། ཚོགས་མི་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སློབ་གྲྭ་ཁག་གི་སློབ་སྤྱི་དགེ་ལས་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་རྒྱུན་ལས་རྣམ་པ། རྒྱ་ཆེའི་མང་ཚོགས་དང་། བོད་མིར་དགའ་ཞེན་ཅན་གྱི་ཕྱི་རྒྱལ་བ་རྣམ་པ། བརྩེ་བའི་སློབ་ཕྲུག་རྣམ་པ་བཅས་ལ་གཟི་བརྗིད་དང་ལྡན་པའི་ཉིན་མོ་འདིར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དགའ་སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་ནི་རང་ཅག་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་རྣམས་སྨོས་ཅི། འཛམ་གླིང་ནང་མང་གཙོ་དང་། རང་དབང་། ཞི་བདེར་དགའ་བའི་སྐྱེས་བུ་ཡོངས་ནས་དགའ་སྐྱིད་འོས་པའི་ཉིན་མོ་གལ་ཆེ་ཞིག་ཡིན་ཞིང་། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༡༩༨༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་མི་ལོ་ ༢༡ འཁོར་བའི་དུས་དྲན་ཁྱད་པར་ཅན་ལ་སོང་མགོན་པོ་གང་གི་གསང་གསུམ་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པར་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གུས་བཀུར་ཆེ་བསྟོད་དང་། བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་དང་། བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་རྐང་བཞེས་མཛད་པར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་སྦྲགས་མགོན་པོ་གང་གིས་བགྲེས་ཡོལ་ཕེབས་བཞེད་སྐོར་བཀའ་སློབ་སྩལ་གནང་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན་དེ་འདྲའི་དགོངས་བཞེས་ནམ་ཡང་མི་མཛད་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཞན་ཕན་གྱི་མཛད་པ་འཕྲིན་ལས་སྤྱི་དང་། ཡང་སྒོས་འཛམ་གླིང་ཀུན་ལ་དགེ་ཕན་ཅན་གྱི་བོད་མི་རིགས་རིག་གཞུང་དང་བཅས་པ་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཆེད་དུ། ནང་པའི་ཆོས་ཀྱི་བསླབ་བྱ་དང་བདག་ཉིད་ཆེན་པོ་གཱན་རྡིའི་བཞེད་དགོངས་ཟབ་མོ་གཞིར་བཟུང་། འཚེ་མེད་ཞི་བའི་ཐབས་ཚུལ་ཁོ་ན་ལ་བརྟེན་ཏེ་བོད་དོན་བདེན་མཐའ་གསལ་ཐབས་མཛད་པ་དང་། དེ་བཞིན་འཛམ་གླིང་འདིར་ཕན་ཚུན་བསམ་ཤེས་དང་། མཐུན་སྒྲིལ། དྲང་བདེན། བྱམས་བརྩེ་ཡོད་པ་བཅས་ཀྱི་སྒོ་ནས་ཕན་ནུས་ལྡན་ཞིང་ཕུགས་རྒྱང་རིང་བའི་དགོངས་པར་བརྟེན་རྒྱལ་སྤྱིའི་ནང་འཁྲུག་རྩོད་ཁག་ཞི་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་གི་འགན་ཁུར། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྨན་པའི་ཞི་བདེ་དོན་དང་ལྡན་པ་ཞིག་འབྱུང་ཐབས་རྨད་བྱུང་མཛད་བཟང་བསྐྱངས་དང་སྐྱོང་མུས་ལ་འཛམ་གླིང་སྐྱེ་རྒུ་རྣམས་ཀྱི་ཡིད་དབང་འཕྲོག་སྟེ། སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་བ་ཞིག་རེད།

འཛམ་གླིང་ནང་བཙན་བྱོལ་བ་བོད་མི་ཙམ་མིན་པ་གཞན་ཇི་སྙེད་ཅིག་ཡོད་ཀྱང་དྲག་པོའི་ཐབས་བྱུས་ལ་མ་བརྟེན་པར་འཚེ་མེད་ཞི་བ་ཁོ་ནའི་ཐོག་ནས་འཐབ་རྩོད་གནང་མཁན་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཁོང་གིས་དབུ་ཁྲིད་མཛད་པའི་བོད་མི་རྣམས་ལས་གཞན་དཀོན་ཙམ་ཡིན་ཅིང་།

དཔེར་ན་ཕྱི་ལོ་ ༡༩༨༧ ཕྱི་ཟླ་ ༩ ཚེས་ ༢༧ ནས་བཟུང་བོད་ནང་གཞིས་ལུས་རྒྱ་ཆེའི་བོད་མི་ཚོས་བོད་ཀྱི་རྩ་དོན་དང་། བོད་མིའི་བདེ་དོན་སླད་ཞི་བའི་ལས་འགུལ་རིམ་པ་སྤེལ་བར་རྒྱ་དམར་དྲག་དཔུང་གིས་ཉེས་རྡུང་ཚད་མེད་དང་། འཛིན་བཟུང་བཙོན་འཇུག དམར་གསོད་བཅས་ཡ་ང་སྙིང་རྗེ་བྲལ་ཞིང་། མི་སྤྱོད་ལས་ཡོངས་སུ་འདས་པའི་བྱ་སྤྱོད་ངན་པ་འཛམ་གླིང་ཡོངས་སུ་གྲགས་པ་བྱས་པ་རེད། འོན་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཟོད་བསྲན་དང་། ཞི་བ། ཐབས་མཁས་བཅས་ཀྱི་མཛད་བྱུས་ཁོ་ནས་གཞིས་བྱེས་བོད་མི་རྣམས་དབུགས་དབྱུང་མཛད་ཅིང་། དགྲ་བོ་རྒྱ་དམར་འཛམ་གླིང་གི་མདུན་སར་ངོ་ཚ་ཁ་སྐྱེང་དགོས་པ་ཞིག་བཟོས་གནང་པ་དང་། འཛམ་གླིང་ཁྱོན་གྱི་ཐོག་གཡོ་འགུལ་ཆེན་པོ་ཞིག་ཐེབས་ཏེ་བོད་དོན་བདེན་པའི་གནས་ལུགས་འཛམ་གླིང་ཡོངས་སུ་སྔར་བས་ར་སྤྲོད་གསལ་པོར་མཛད་པ་བཅས་ལ་བརྟེན་ནས་དེང་སྐབས་འཛམ་གླིང་ཡུལ་གྲུ་གང་ས་ནས་གཞུང་དང་། གྲོས་ཚོགས། ཚོགས་པ་ཁག སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ། མཁས་པ་ཁག་སོགས་ཤིན་ཏུ་མང་པོས་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ་རེད།

དེས་ན་ང་ཚོས་དེ་རིང་གི་གཟི་བརྗིད་དང་། རྒྱལ་ཁའི་ཉིན་མོ་འདི་སྲུང་བརྩི་ཞུ་བ་དང་སྦྲགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ལམ་སྟོན་མཛད་པ་ཁག་སྙིང་དབུས་སུ་བཅངས་ཏེ་བོད་སྤྱིའི་འཕྲལ་ཕུགས་བདེ་དོན་ལ་སྨན་པའི་རང་རང་ཁུར་བབས་ཀྱི་ཞུ་སྒོར་འབད་བརྩོན་ཧུར་ཐག་གནང་དགོས་རྒྱུ་ནི་དོན་གྱི་སྙིང་པོ་ཡིན།

ཉེ་བའི་སྔོན་དུ་ནོར་ཝེ་གཟེངས་རྟགས་ལྷན་ཚོགས་ཀྱིས་མི་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་གནང་མཁན་གྱི་རྩོམ་པ་པོ་སྐུ་ཞབས་ལིའུ་ཞའོ་པོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་ཐག་གཅོད་གནང་ཡོད་པ་དེ་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་ཕྱེས་པར་མཚོན་སྟབས་རྒྱ་ནག་མི་མང་རྣམས་དགའ་སྤོབས་སྐྱེ་འོས་པ་ཞིག་ཡིན་ཅིང་དེ་རིང་གི་ཉིན་མོ་འདིའི་གོ་སྐབས་བཟུང་སྟེ་སྐུ་ཞབས་ལིའུ་ཞའོ་པོ་ལགས་ཀྱིས་གཙོས་ཞི་བདེར་དགའ་བའི་རྒྱ་ནག་རྒྱ་ཆེའི་མི་མང་རྣམ་པར་དགའ་བསུ་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་དང་ཆབས་ཅིག་རྒྱ་ནག་གི་དབུ་ཁྲིད་རྣམ་པས་རྒྱ་ནག་ནང་སྐུ་ཞབས་ལིའུ་ཞའོ་པོ་ལྟ་བུའི་མང་གཙོ་དང་། རང་དབང་སོགས་ཀྱི་ཆེད་འཐབ་རྩོད་གནང་མཁན་ཇི་སྙེད་ཅིག་འཛིན་བཟུང་བཙོན་འཇུག་འོག་ཡོད་པ་རྣམས་འཕྲལ་དུ་གློད་འགྲོལ་གྱིས་འགྲོ་བ་མི་སྤྱི་མཚུངས་ཀྱི་རང་དབང་ལ་ཅི་དགར་ལོངས་སུ་སྤྱོད་ཐུབ་པ་ཡོང་རྒྱུའི་ཐོག་དགོངས་པ་གཟབ་ནན་བཞེས་དགོས་པའི་རེ་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཨང་སན་སུ་ཀི་མཆོག་འབར་མའི་གཞུང་གིས་ཉེ་བའི་སྔོན་དུ་ཆ་རྐྱེན་གང་ཡང་མེད་པར་གློད་གྲོལ་གནང་བར་དགའ་བསུ་ཞུ་རྒྱུ་ཡིན། ལྕམ་སྐུ་སུ་ཀི་མཆོག་གིས་རང་ཉིད་དུས་ཡུན་ལོ་བཅོ་ལྔའི་རིང་བཙོན་འཇུག་སྐབས་སུའང་འབར་མའི་ནང་མང་གཙོའི་ཆེད་དུ་སྐུ་ངལ་བསྐྱོན་པའི་བློ་སྟོབས་དེས་རང་དབང་དང་མང་གཙོའི་ཆེད་དུ་འབད་རྩོལ་གནང་མཁན་ས་ཡ་མང་པོར་སེམས་འགུལ་ཤུགས་ཆེན་ཐེབས་ཡོད་ཅིང་། ང་ཚོས་འབར་མའི་དམག་གཞུང་ལ་ཆབ་སྲིད་བཙོན་པ་གཞན་ཚང་མ་གློད་གྲོལ་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། ༸གོང་ས་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པ་ནི་གྲོས་མོལ་གྱི་དུས་རབས་ཤིག་བྱ་དགོས་པའི་བཀའ་སློབ་ཡང་ཡང་གནང་བཞིན་པ་ལྟར་ལྕམ་སྐུ་མཆོག་གི་དགོངས་གཞིར་ཡང་དེ་མཚུངས་ཡོད་པ་རེད། འབར་མའི་དམག་མིའི་གཞུང་འཛིན་པ་རྣམ་པས་འབར་མའི་གནད་དོན་རྣམས་གུ་ཡངས་དང་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་འབར་མའི་མི་མང་ཙམ་མ་ཟད་ཉེ་ཁུལ་ཡུལ་གྲུ་ཁག་དང་བཅས་པ་ཚང་མའི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་སྨན་པ་ཞིག་གནང་རྒྱུར་ང་ཚོས་ལྷག་བསམ་རྣམ་དག་གིས་རེ་འདུན་ཞུ་བཞིན་ཡོད།

དེ་མཚུངས་འཛམ་གླིང་ས་སྟེང་འདིའི་རྒྱལ་ཁབ་མང་པོའི་ནང་རང་རང་དབང་ཆ་སོགས་ཀྱི་འཐབ་རྩོད་ཁྲོད་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་བྱེད་རང་དབང་སོགས་ཀྱི་འཐབ་རྩོད་པ་རྣམས་ལ་དམ་བསྒྲགས་ཀྱིས་སྡུག་སབྱོང་གཏོང་བ་སོགས་མཚམས་འཇོག་གིས་གུ་ཡངས་དཀྱེལ་ཆེའི་ངང་རང་རང་ཁྱབ་ཁོངས་རྒྱ་ཆེའི་མང་ཚོགས་ལ་ཞི་བདེ་དང་རང་དབང་བསྐྲུན་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

ཡང་དེ་རིང་གི་གོ་སྐབས་འདི་བཟུང་ནས་ཞུ་རྒྱུར། ཉེ་ཆར་རྒྱ་ནག་དབུས་ས་གཉིས་ཀྱི་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་སློབ་སབྱོང་དང་བཀོལ་སྤྱོད་ལ་དམ་བསྒྲགས་ཆེ་རུ་བཏང་བའི་སྲིད་བྱུས་གཏན་འབེབས་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། བྱེ་བྲག་རྒྱ་ནག་འགོ་ཁྲིད་ཚོས་རང་གི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་བཅས་ལ་མངོན་སུམ་འཛེམས་མེད་ཀྱིས་རྡོག་རོལ་བཏང་བ་ཞིག་ཡིན་པ་དང་། ད་དུང་རྒྱ་ནག་ཆོས་ལུགས་ལས་དོན་ཅུས་ཀྱིས་གཏན་ལ་ཕབ་པ་ཟེར་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེར་དོ་དམ་བྱེད་ཐབས་སྐོར་གྱི་ཡིག་ཨང་ ༨ པ་ཟེར་བ་གཏན་འབེབས་བྱས་པ་དེ་ནི། རྒྱ་ནག་ཆོས་མེད་སྲིད་གཞུང་གིས་བཀོད་བྱུས་ཚོད་འཛིན་འོག་ཆོས་ལུགས་ལ་དམ་བསྒྲགས་བྱ་ཐབས་ཤིག་ཡིན་པར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡིག་ཆ་དེར་ནམ་ཡང་ངོས་ལེན་བྱ་ཐབས་མེད་པའི་ནན་བཤད་བྱ་རྒྱུ་ཡིན།

ད་ལྟའི་ཆར་ཡང་བོད་ཀྱི་ས་ཁུལ་གང་ས་ནས་སེར་སྐྱ་དང་། ལས་རིགས་འདྲ་མིན་གྱི་བོད་མི་ཧ་ཅང་མང་པོར་ཆབ་སྲིད་སོགས་ཀྱི་ཉེས་མེད་ཉེས་འཛུགས་འོག་འཛིན་བཟུང་བཙོན་འཇུག་གིས་ཉེས་པ་སྲོག་ཐོག་དང་། ལོ་མང་བཙོན་འཇུག་གི་ཁྲིམས་ཐག་བཅད་དང་གཅོད་བཞིན་པའི་འགྲོ་བ་མིའི་ཀུན་སྤྱོད་དང་འགལ་བའི་བྱ་སྤྱོད་རིགས་འཕྲལ་ནས་མྱུར་དུ་མཚམས་འཇོག་དགོས་པའི་དགོས་འདུན་ཤུགས་ཆེ་འདོན་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ཐུགས་སྣང་ཤུགས་ཆེ་དང་འབྲེལ་རང་དབང་གིས་ཕོངས་པ་དང་། དཀའ་སྡུག་མྱོང་བཞིན་པ་རྣམས་འཛམ་གླིང་རང་དབང་རྒྱལ་ཁབ་ཀྱི་འགྲོ་བ་མི་གཞན་སྤྱི་མཚུངས་ལྟར་རང་དབང་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་རྒྱུར་མཐུན་འགྱུར་གྱི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།

དེ་བཞིན་དེ་རིང་ཉིན་རྒྱབ་ཏུ་ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་དང་འབྲེལ་ས་གནས་ཡུལ་མི་རྣམས་ནས་ཀྱང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོར་མཉམ་ཞུགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ལ་ཆེ་བསྟོད་ཞུ་བ་ནི་ཧིན་བོད་མི་མང་དབར་མཛའ་བརྩེའི་ལར་ཞེན་གཡོ་བ་མེད་པའི་རྣམ་པ་མཚོན་ཀྱི་ཡོད་སྟབས། ཧི་མ་ལ་ཡའི་དུས་སྟོན་གོ་སྒྲིག་འགན་བཞེས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་དབུས་སའི་གཞུང་དང་། མི་མང་གིས་ང་ཚོར་ཕན་གྲོགས་གནང་བའི་བཀའ་དྲིན་ནི་དུས་ནམ་ཡང་བརྗེད་ཐབས་མེད་པས་ད་རེས་སླར་ཡང་ཐུགས་ཆེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། ད་དུང་ཧིན་བོད་གཉིས་ཀྱི་མི་མང་དབར་མཛའ་མཐུན་གོང་འཕེལ་མུ་མཐུད་གནས་རྒྱུར་ཚང་མས་མཉམ་རུབ་རྒྱུན་བསྲིངས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་བཅས་དང་།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་༸སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང་། ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། འཛམ་གླིང་སྐྱེ་འགྲོ་ཀུན་ལ་ཞི་བདེ་འབྱུང་བ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ལ།།