ཨིན་ཡུལ་རྒྱལ་ས་ལོན་ཌོན་དུ་གསུམ་ཅུའི་དུས་དྲན་ཐེངས་ ༦༠ པའི་རྗེས་དྲན་སླད་ (Wreath-laying ceremony) ཡི་མཛད་སྒོ་ཞིག་ཚོགས་གནང་བ།

 

༄༅། །བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༠ པའི་རྗེས་དྲན་ཆེད། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༥ ཉིན་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་ཚོགས་པ་ཐུན་མོང་གིས་གོ་སྒྲིག་ཐོག་ཨིན་ཡུལ་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཨིན་ཡུལ་གྲོས་ཚོགས་ཚོགས་ཁང་གི་ཉེ་འགྲམ་དུ་ཡོད་པའི་ཡི་ཤུའི་ལྷ་ཁང་མདུན་དུ་ (Wreath-laying ceremony) མཛད་སྒོ་ཞིག་ཚོགས་གནང་ཡོད་འདུག

དེ་ཡང་གོང་ཚེས་ཉིན་གྱི་ཉིན་མོའི་ཆུ་ཚོད་ ༡༢།༣༠ ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྐུ་ཞབས་ (The Reverend Anthony Ball, Canon in Residence, Westminster Abbey) མཆོག་དང་། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ཀྱིས་སྨོན་ལམ་གསོལ་འདེབས་ཞུས་གནང་གྲུབ་མཚམས། ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཁིར་སི་ལའོ་ (Hon Chris Law, MP, Scottish National Party and Co-chair of APPGT) མཆོག་གིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོད་པ་དང་། ཁོང་གིས་གྲོས་ཚོགས་ནང་གི་ཕྱག་སྦྲེལ་རྣམས་དང་ལྷན་བོད་ཀྱི་གནད་དོན་ཞི་བའི་ཐོག་ནས་སེལ་ཐབས་ཡོང་རྒྱུའི་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་པ་ནན་བརྗོད་གནང་ཡོད་འདུག

དེ་ནས་རྒྱ་ནག་གཞུང་གིས་བོད་ས་དབང་བསྒྱུར་བྱས་པའི་རྗེས། གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་ཚེ་སྲོག་ཤོར་བའི་བོད་མི་རྣམས་དང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་ཁ་གསུམ་གྱི་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་སྟོང་ཕྲག་མང་པོས་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་དམར་གཞུང་གི་བཙན་བཟུང་ལ་ཞི་བའི་སྒེར་ལངས་བྱས་ནས་ལོ་ངོ་ ༦༠ འཁོར་བའི་རྗེས་དྲན་ཆེད་མེ་ཏོག་ཕུལ་གནང་ཡོད་འདུག

སྐབས་དེའི་མཛད་སྒོའི་ཐོག་ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་ (Rt Hon Tim Loughton, MP of the Conservative Party) མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀེ་རི་མེ་ཁར་ཐི་ (Hon Kerry McCarthy, the Labour Party) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀ་རིན་ ལི་ (Hon Karen Lee, MP,the Labour Party) མཆོག ཨིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་བོད་མི་དང་མི་མང་བཅས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་བསྟན་འཛིན་ཀུན་དགའ་ལགས་རྣམ་གཉིས་ཀྱིས་ཨིན་ཡུལ་གྲོས་ཚོགས་འཐུས་མི་རྣམ་པ་སོ་སོར། ཁོང་རྣམས་མཛད་བྲེལ་ཆེན་པོ་ཡིན་ཡང་དེ་ཉིན་གྱི་མཛད་སྒོའི་ཐོག་ཕེབས་པ་དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག

མཛད་སྒོ་གྲུབ་རྗེས་བོད་ཚོགས་པས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲབ་བསོད་ནམས་མཆོག་ལ་ཉིན་གུང་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་གནང་ཡོད་འདུག་པ་མ་ཟད། ཨིན་ཡུལ་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་གཟིགས་སྐོར་སྣེ་འཁྲིད་གནང་ཡོད་འདུག་པ་བཅས། །