སྤྱི་འཐུས་ཚོགས་གཞོན་ཟུར་པ་རྡོ་རྗེ་དགྲ་འདུལ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༨ ཉིན་གྱི་སྔ་དྲོ་སྤྱི་འཐུས་ཚོགས་གཞོན་ཟུར་པ་རྡོ་རྗེ་དགྲ་འདུལ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ད་ལྟའི་ལས་དོན་བྱེད་ཕྱོགས་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་རང་ལུས་མེར་བསྲེགས་དང་འབྲེལ་བའི་དཔེ་དེབ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད་དེབ་སོགས་ཕུལ་གནང་ཡོད་པ་དང་། དེ་བཞིན་སྤྱི་འཐུས་ཚོགས་གཞོན་ཟུར་པ་རྡོ་རྗེ་དགྲ་འདུལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐད་གཏོང་བརྙན་འཕྲིན་ཐོག་ནས་གཟིགས་བཞིན་ཡོད་སྐོར་སོགས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཁག་ལ་བསྔགས་བརྗོད་དང་། ༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་དང་། བོད་ཀྱི་འཐབ་རྩོད་ཐོག་མུ་མཐུད་ཕྱག་ལས་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་འདུག

དེ་རྗེས་སྤྱི་འཐུས་ཚོགས་གཞོན་ཟུར་པ་མཆོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་དང་། གྲོས་ཚོགས་ཚོགས་ཁང་བཅས་ལ་གཟིགས་སྐོར་དང་། སྤྱི་འཐུས་རྒྱུན་ལས་ཁག་ཅིག་ལྷན་མཇལ་འཕྲད་གནང་ཡོད་འདུག་པ་བཅས། །