སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་འཁྲུངས་སྐར་མཛད་སྒོར་གསུང་བཤད་གནང་བ།

༄༅། །བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་དཔའ་བོའི་རྡོ་རིང་གི་མདུན་དུ་དབུས་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན་དུ།

ད་ལྟ་འདིར་དབུས་བུད་མེད་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་ཐོག་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པའི་༸སྐུའི་འཁྲུངས་སྐར་དང་བསྟུན། རྒྱ་གར་རྒྱལ་ཡོངས་ནང་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ་དང་། གཞན་ཡང་འཛམ་གླིང་གང་སར་ཡོད་པའི་བུད་མེད་ལྷན་ཚོགས་ཀྱི་ཡན་ལག་ཁག་གིས་ལས་འགུལ་སྣ་ཚོགས་ཤིག་སྤེལ་བཞིན་ཡོད།  དེ་རིང་འདིར་གོམ་བགྲོད་ཀྱི་ལས་རིམ་འགོ་འཛུགས་ཀྱི་མཛད་སྒོའི་ཐོག་གདན་ཞུས་གནང་བའི་སྐུ་མགྲོན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་བཞུགས་སྒར་ལ་བཙུགས་པའི་སྐབས་སུ་ཚོགས་གཙོ་གནང་མཁན་དང་། འགན་བཞེས་མཁན། ད་ལྟ་ཡིན་ནའང་མུ་མཐུད་ནས་བོད་པའི་རྩ་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ (Ram Swaroop) མཆོག་དང་། དེ་བཞིན་བཞུགས་སྒར་ལ་ཡོད་ན། བོད་དོན་ལས་འགུལ་ནང་ལ་ཧ་ལམ་ཆད་མ་མྱོང་བའི་སྐུ་ཞབས་ (Prushotam) མཆོག ཕྱག་སྦྲེལ་སྤྱི་འཐུས་གཙོས་པའི་སྐུ་མགྲོན་རྣམ་པ་དང་། དབུས་བུད་མེད་ལྷན་ཚོགས་ཀྱི་ལས་ཀྱི་སྣེ་མོ་བ། འདུ་འཛོམས་ཐོག་ལ་ཆེད་ཕེབས་གནང་མཁན་ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཐོག་མར་གུས་བརྩི་དང་འཚམས་འདྲི་ཞུ་ཡི་ཡོད་ཅེས་ཞུ་རྒྱུ་ཡིན།

ངས་དེ་རིང་རྣམ་པ་ཚོར་རྒྱས་པོ་ཞེ་དྲག་ཞུ་དགོས་ཀྱི་ཡོད་མ་རེད། ད་ལྟ་བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་ལའང་གང་ལ་གང་འཚམ་ཞིག་འཁོད་ཡོད་པ་རེད། ད་ལྟ་སྐུ་ཞབས་ (Ram Swaroop) མཆོག་ནས་ཀྱང་ལམ་ཙམ་ཞིག་གསུངས་གནང་བ་རེད། ལྷག་པར་དུ་ཧིན་བོད་མཛའ་ཚོགས་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་དང་། ༸སྐུའི་ཡང་སྲིད་ངོས་འཛིན་གནང་བའི་ཉིན་མོ། ལྷག་པར་དུ་རྒྱ་ནག་གཞུང་གིས་ཕྱི་ཚེས་ ༡༧ ཉིན་བཙན་ཁྲིད་བྱས་པའི་ཉིན་མོ་བཅས་སོ་སོར། རྒྱ་གར་མི་མང་ལ་གོ་རྟོགས་སྤེལ་རྒྱུས་མཚོན་བགྲོ་གླེང་ཚོགས་འདུ་རིམ་པ་བྱས་ནས་གནང་གི་ཡོད་པ་རེད། གོང་དུ་ཁོང་རྣམ་པས་གསུངས་ཚར་སོང་ཡང་། ངས་སྟོང་མིན་ཙམ་རྣམ་པ་ཚོའི་དྲན་གསོའི་ཆེད་དུ་ཞུ་རྒྱུ་དང་། གོང་དུ་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་གསུངས་པ་ལྟར། ང་ཚོ་ཧ་ཅང་དགའ་སྤྲོའི་ངང་ནས་འཁྲུངས་སྐར་སྲུང་བརྩི་བྱ་ཐབས་བྲལ་བ་རེད་དེ། ང་ཚོ་རང་དབང་ལུང་པའི་ནང་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་སྟབས་བསྟུན་ནས། ཁོང་རྒྱ་ནག་དམར་པོའི་སྲིད་གཞུང་གི་བཀོད་བྱུས་འོག་ལ་ཡོད་པ་དེ་རྒྱལ་སྤྱིའི་མང་ཚོགས་མདུན་དུ་ཡོངས་གྲགས་ཡོང་བ་བྱེད་རྒྱུ་དང་། དེ་ཡང་ཞུ་སྐུལ་བྱེད་ས་ལྟ་བུ་ནི་རྒྱལ་སྤྱིའི་གནད་ཡོད་མི་སྣ་དང་། མི་མང་ཡིན་དུས། དེའི་ཐོག་ང་ཚོས་ཤུགས་བསྐྱོན་དགོས། ད་ལོ་༸པཎ་ཆེན་རིན་པོ་ཆེ་དགུང་གྲངས་ ༣༠ ལ་ཕེབས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་ཙང་དེའི་ཐོག་ང་ཚོ་བོད་མི་ཡོད་དོ་ཅོག་གིས་ཤུགས་རྒྱག་དགོས་པ་དང་ནུས་པ་འདོན་དགོས་པ་ལས་འགན་ཆགས་ཀྱི་ཡོད་པ་རེད། སྒྲིག་འཛུགས་གཅིག་དང་བོད་མིའི་སྒྲིག་འཛུགས་ངོས་ནས་གོ་སྒྲིག་ཞུས་པ་གཅིག་པུ་མ་ཡིན་པར། བོད་མི་མི་རེ་ངོ་རེའི་ལས་འགན་ཆགས་བསྡད་ཡོད་དུས། སོ་སོའི་འཇོན་ཚོད་དཔག་ཚོད་ཀྱིས་ནུས་པ་བཏོན་ཏེ་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་ཐབས་དང་། ཁོང་གི་གནས་སྟངས་ཤེས་ཐབས་བྱེད་དགོས།

༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དགོངས་པ་ཞིང་ལ་མ་གཤེགས་པའི་གོང་དུ་མ་འོངས་ལུང་བསྟན་བཟོ་འདྲ་ཞིག་ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༤ ཉིན་གཞིས་ཀ་རྩེ་ལ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་རྒྱ་ནག་དམར་པོའི་སྲིད་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་ལ་གནང་དགོས་ཀྱི་རེད་ཅེས་བཀའ་ཕེབས་པ་རེད། བཀའ་སློབ་གསུང་གི་བདུད་རྩི་ཟབ་མོ་དེ་དག་རྣམ་པ་ཚོས་ཡིག་ཐོག་ནས་མཇལ་རྒྱུ་ཡོད་པ་རེད། བླ་མའི་ཡང་སྲིད་དེ་ངེས་པར་དུ་དགོངས་པ་མ་འདས་བར་དུ་སྒུག་དགོས་པ་ཡོད་མ་རེད་ཅེས་བཀའ་ཕེབས་ཡོད་པ་རེད། བླ་མའི་ཡང་སྲིད་དེ་རྣམ་པ་སྣ་ཚོགས་ཐོག་ནས་ཕེབས་ཀྱི་ཡོད་རེད་ཅེས་བཀའ་སློབ་གསུང་གི་བདུད་རྩི་གནང་བ་དེས་རྒྱ་ནག་དམར་པོའི་གཞུང་ལ་བརྡ་ལན་ཞིག་སྤྲད་ཡོད་པ་རེད། དེ་བཞིན་༸རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དགོངས་པ་མ་རྫོགས་སྔོན་ལ་༸རྒྱལ་བ་སྐུ་ཕྲེང་བདུན་པ་སྐུ་འཁྲུངས་ཡོད་པ་རེད་ཅེས་ལོ་རྒྱུས་ནང་འཁོད་ཡོད། གང་ལྟར་བླ་མའི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལས་འགན་དེ་ནང་པ་སངས་རྒྱས་པའི་ཆོས་ལ་ཞབས་ཕྱི་ཞུ་རྒྱུ་དང་། དགོན་པ་གྲྭ་ཚང་དང་གདན་ས་ཁག་གསོ་སྐྱོང་བྱ་རྒྱུ་གནད་འགག་གཙོ་བོ་ཆགས་ཀྱི་ཡོད་པ་རེད་ཅེས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་སྐབས་དེར་གསུངས་གནང་ཡོད་པ་རེད་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །