སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་བྱུང་བ།

ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༧ ཉིན་ལྡི་ལི་དང་དེ་ནས་གྷོ་ཝ་བརྒྱུད་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕེབས་པ་དང་། ཚེས་ ༡༩ དང་ ༢༠ ཉིན་གཉིས་རིང་འབྲས་སྤུངས་བློ་གསལ་གླིང་གི་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་གནང་བ་དེར་བཅར་བ་དང་།         ཚེས་ ༢༡ ཉིན་སྔ་དྲོ་༸གོང་ས་མཆོག་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་རྗེ་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན་པ་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཕྱག་བཏབ་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོ་དང་ཆབས་ཅིག་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་དགེ་བཤེས་ལྷ་རམས་པ་དང་། སློབ་དཔོན་བཅས་ཀྱི་ལག་འཁྱེར་གནང་རྒྱུའི་མཛད་སྒོ་བཅས་ལ་བཅར་བ་དང་གསུང་བཤད་ཀྱང་གནང་། ཕྱི་དྲོ་བྱང་རྩེ་གྲྭ་ཚང་གི་གཙུག་ལག་ཁང་དུ་ཀ་ཝར་རྫོང་དཔོན་ནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ས་ཐོ་ལག་འཛིན་ཁྲིམས་མཐུན་འགྲོ་ཐུབ་པའི་ཆོག་མཆན་གནང་བར་འགྲེལ་བརྗོད་གནང་རྒྱུའི་མི་མང་ཚོགས་ཆེན་གོ་སྒྲིག་ཞུས་འདུག་པར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།

ཚེས་ ༢༢ སྔ་དྲོ་འབྲས་སྤུངས་བླ་སྤྱིའི་གཙུག་ལག་ཁང་གི་མདུན་ཐང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་དགེ་བཤེས་མའི་ཕྱག་འཁྱེར་འབུལ་རྒྱུའི་མཛད་སྒོར་བཅར་བ་དང་། དེ་རྗེས་མོན་གྷོ་གཞིས་ཆགས་ཀྱི་ཞི་འཚོ་དཔེ་མཛོད་ཁང་དབུ་འབྱེད་ལ་ཆེད་བཅར་ཞུས། ཕྱི་དྲོ་མོན་གྷོ་གཏན་སློབ་ལོ་ ༥༠ འཁོར་བའི་དུས་སྟོན་མཛད་སྒོར་༸གོང་ས་མཆོག་དབུ་བཞུགས་ཀྱིས་སྲུང་བརྩི་ཞུ་བར་དམིགས་བསལ་སྐུ་མགྲོན་དུ་ཆེད་བཅར་ཞུས་ཡོད།

ཚེས་ ༢༣ སྔ་དྲོ་དགའ་ལྡན་རྣམ་པར་རྒྱལ་བའི་བླ་སྤྱིའི་གཙུག་ལག་ཁང་དུ་༸གོང་ས་མཆོག་ཚོགས་མགོན་དུ་དབུ་བཞུགས་ཀྱིས་དགའ་ལྡན་ལྔ་མཆོད་ཉིན་རྗེ་རིན་པོ་ཆེའི་དྲང་ངེས་ལེགས་བཤད་སྙིང་པོ་དབུ་འདོན་གནང་བར་ཆེད་བཅར་ཞུས། མོན་གྷོ་མཛད་རིམ་ཁག་ལེགས་གྲུབ་རྗེས་ཧུབ་ལིའི་གནམ་ཐང་དུ་ཐོན། དེ་ནས་མཁའ་ལམ་བརྒྱུད་སྦེང་གྷ་ལུར་བརྒྱུད་ལྡི་ལིར་ཕེབས་འབྱོར་དང་། ཚེས་ ༢༤ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་རྡ་སར་ཕེབས་འབྱོར་བྱུང་ཡོད་པ་བཅས།།