སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་གསུམ་ཅུའི་དུས་དྲན་སྔ་སྣུར་གྱིས་སྲུང་བརྩིའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཁེ་ན་ཌའི་གྲོས་ཚོགས་འཚོགས་བཞིན་པ་དང་། གསུམ་བཅུའི་དུས་དྲན་དངོས་གཞི་རེས་གཟའ་ཉི་མའི་གུང་གསེང་ཉིན་འཁེལ་ཡོད་སྟབས། ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་དང། ཊོ་རོན་ཊོ། མོནྜ་རེལ། ཁལ་ག་རེར། ཝེན་ཁུ་ཝར་བཅས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཁེ་ན་ཌ་བོད་ཀྱི་ཚོགས་པ་ཐུན་མོང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡ ཉིན་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༠ པ་སྔ་སྣུར་གྱིས་སྲུང་བརྩི་ཞུས་གནང་ཡོད་པ་དང་། སྐབས་དེར་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཆེད་ཕེབས་གནང་ཡོད་འདུག

དེ་ཡང་དུས་དྲན་སྲུང་བརྩིའི་སྐབས། སྤྱི་འཐུས་མཆོག་གིས་ཕྱི་ལོ་ ༡༩༥༩ ལོའི་གསུམ་བཅུའི་སྒེར་ལངས་ཀྱི་ངོ་སྤྲོད་སྙིང་བསྡུས་དང་། དུས་དྲན་སྲུང་བརྩི་བརྒྱུད་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རླབས་ཆེན་གྱི་བློས་བཏང་ལ་རྗེས་དྲན། རང་དབང་ལུང་པའི་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་བོད་ནང་ཡོད་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད་པ། བོད་ཀྱི་བདེན་དོན་མ་གསལ་བར་བོད་མི་ཚོས་ནམ་ཡང་རྒྱ་ནག་གཞུང་ལ་མགོ་སྒུར་གྱི་མིན་པ་གསལ་འདོན་གནང་ཡོད་འདུག་པ་དང་།

གཞན་ཡང་བོད་ནང་སྤྱི་ཡོངས་ཀྱི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། ཨ་རིའི་མི་རིགས་དང་སྤྱི་ཚོགས་འདྲ་མཉམ་འཐབ་རྩོད་པ་སྙན་གྲགས་ཅན་མར་ཌིན་ལུ་ཐར་ཁིན་ (Martin Luther King Jr.) གྱིས་ (རང་དབང་ནི་བཙན་གནོན་གཏོང་མཁན་གྱི་དྭང་དུ་བླངས་ནས་ནམ་ཡང་སྤྲོད་མི་སྲིད་པས། བཙན་གནོན་འོག་དཀའ་སྡུག་མྱོང་མཁན་གྱིས་འཐབ་རྩོད་བྱེད་དགོས། Freedom is never voluntarily handed down by the oppressor, it has to be demanded by the oppressed) ཞེས་གསུངས་པ་ལུང་འདྲེན་གྱིས་བོད་མི་ཚོས་རང་འགན་རང་ཁུར་གྱིས་རང་དབང་འཐབ་རྩོད་བྱེད་དགོས་པ་དང་། དེ་བཞིན་ཉེ་ཆར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་གསར་གྱི་འཚམས་འདྲིའི་བཀའ་སློབ་ཕེབས་པའི་ནང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མིའི་སྙིང་སྟོབས་དང་ལྷག་བསམ། ཆིག་སྒྲིལ་གྱི་ནུས་པ། བོད་ཀྱི་བདེན་དོན་ནམ་ཡང་ཟུབ་རྒྱུ་མིན་པ་སོགས་བླང་དོར་གྱི་བཀའ་སློབ་སྩལ་གནང་བ་དེ་བཞིན་ལུང་འདྲེན་གྱིས་བོད་མི་རེ་རེའི་ངོས་ནས་བཀའ་སློབ་སྙིང་བཅང་གིས་ལག་བསྟར་གནང་དགོས་པའི་འབོད་སྐུལ་དང་། ཕྱོགས་མཚུངས་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ནས་དོན་ཕན་ལྡན་པའི་རྒྱབ་སྐྱོར་སླད་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་འཕྲལ་མར་སེལ་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ། རྒྱ་ནག་གཞུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་ངོས་ལེན་གྱིས་བོད་རྒྱ་གྲོས་མོལ་འཕྲལ་དུ་བསྐྱར་གསོ་གནང་དགོས་པའི་དགོས་འདུན་བཅས་བཏོན་གནང་ཡོད་འདུག

ལས་འགུལ་དེ་བཞིན་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་ཁེ་ན་ཌའི་གྲོས་ཚོགས་མདུན་ཐང་དུ་དབུ་འཛུགས་གནང་ཡོད་པ་དང་། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་གསུང་འཕྲིན་གནང་བ་སྒྲོགས་སྦྱང་དང་། དེ་བཞིན་ལས་འགུལ་གོ་སྒྲིག་ཚོགས་ཆུང་ནས་གསུང་བཤད་ཁག་ཅིག་གནང་ཡོད་འདུག  དེ་རྗེས་རྔམ་སྟོན་ཁྲོམ་སྐོར་བརྒྱུད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཆུ་ཚོད་གཉིས་ལྷག་སྐད་འབོད་འབྲུག་སྒྲ་སྒྲོག་ནས་ལས་འགུལ་འཇུག་བསྒྲིལ་བ་དང་། ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ནས་མི་མང་ ༦༠ ཙམ་དང་། དེ་མིན་ཨོ་ཊ་ཝ་དང་མོནྜ་རེལ་སོགས་ནས་ཁྱོན་བོད་མི་བརྒྱ་ཕྲག་ལྷག་འདུ་འཛོམས་གནང་ཡོད་འདུག

དེ་ནས་སྤྱི་འཐུས་མཆོག་རྒྱ་གར་གཞུང་ཚབ་ཁང་ལ་ཆེད་བཅར་གྱིས་གཞུང་ཚབ་ཆེན་མོ་སྐུ་ཞབས་ཝི་ཀ་ས་ སོ་རབ་ (Vikas Swarup) མཆོག་དང་མཇལ་འཕྲད་གནང་སྟེ། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག་པ་མ་ཟད། བོད་ཀྱི་གནས་སྟངས་སྤྱི་དང་། ལྷག་དོན་དུ་ཁེ་ན་ཌའི་ནང་གནས་སྡོད་བོད་རིགས་རྣམས་ནས་རྒྱ་གར་གྱི་མཐོང་མཆན་ཞུ་སྐབས་སྔར་ལྷག་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་ཡོད་འདུག

དེ་ཉིན་ཕྱི་དྲོ་ཨོ་ཊ་ཝ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ས་གནས་བོད་རིགས་མི་མང་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་འདུ་འཛོམས་ཐོག སྤྱི་འཐུས་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། བོད་མིའི་ལས་འགན་སྐོར་གསུང་བཤད་གནང་རྗེས། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག་པ་བཅས། །