སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་བལ་ཡུལ་རྒྱལ་ས་ཁུལ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ཏུ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར།  སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་ཕྱི་ཟླ་ ༧ ཚེས་ ༧ ནས་ ༢༦ བར་ཁྱོན་ཉིན་གྲངས་ ༢༠ རིང་བལ་ཡུལ་རྒྱལ་ས་དང་། འཕགས་ཤིང་། མཆོད་རྟེན། འཇོར་སྤ་ཊི།  འཇོ་ཁེལ་བསམ་གླིང་དང་ཕུན་གླིང་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༢༦ ཉིན་བཞུགས་གནས་སུ་ཕེབས་འབྱོར་བྱུང་གནང་ཡོད་འདུག

དེ་ཡང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་ཕྱི་ཟླ་ ༧ ཚེས་ ༧  ཉིན་བཞུགས་གནས་ཀོ་ལེ་གྷལ་གཞིས་ཆགས་ནས་སྦེང་ལོར་ལ་ཕེབས་ཐོན་དང་། ཕྱི་ཚེས་ ༨ ཉིན་སྦེང་ལོར་ནས་བྷག་ཌོ་ར་བརྒྱུད་བལ་ཡུལ་ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༩ ཉིན་རྒྱལ་ས་ཀཐ་མན་གྲུ་ལ་ཕེབས་འབྱོར་གནང་ཡོད་པ་དང་། ཕྱི་ཚེས་ ༡༡ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་འབྲེལ་ལས་ཁག་དང་ཚོགས་འདུ་འཚོགས་ཏེ། ས་གནས་ཀྱི་དམིགས་བསལ་གནད་དོན་གང་ཡོད་ལ་རྒྱུས་ལོན་དང་། ས་གནས་ཁག་ཏུ་ཇི་ལྟར་བསྐྱོད་མིན་གྱི་ལས་རིམ་སྐོར་ལ་གྲོས་བསྡུར་གནང་འདུག

ཕྱི་ཚེས་ ༡༤ ཉིན་རྒྱལ་ས་འཕགས་ཤིང་ས་གནས་འབྲེལ་ལས་གཉིས་ཀྱི་ཕྱག་རོགས་འོག་སྤྱི་འཐུས་མཆོག་གུ་རུ་པདྨའི་གནས་ཆེན་ཡང་ལེ་ཤོད་ས་ཁུལ་ལ་ཕེབས་ཐོན་གནང་སྟེ། གྲུབ་ཐོབ་དགོན་ནམ། འཇམ་དབྱངས་དྷཱིཿཅན་ནང་ཆོས་སློབ་གཉེར་ཁང་དང་།  སྤྲུལ་སྐུ་གསང་སྔགས་དགོན་ནམ། གཡུ་ལོ་བཀོད་རྗེ་བཙུན་གླིང་བཙུན་དགོན། ཨ་འཛོམ་དགོན། རི་དགོན་ཆོས་འཁོར་གླིང་བཅས་ལ་གཟིགས་སྐོར་དང་། སྒྲོལ་མ་རང་བྱུང་གནས་མཇལ། བལ་ཡུལ་ཇོ་ནང་དགོན་ནང་བསྟན་གཙུག་ལག་སློབ་གླིང་གི་དགེ་འདུན་འདུས་མང་ ༨༠ ཙམ་ལ་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག་པ་མ་ཟད། མཚོ་རྒྱལ་དགེ་འཕེལ་ལྗོངས་རྒན་གསོ་ཁང་ལ་གཟིགས་སྐོར་གནང་སྟེ། དེ་གའི་རྒན་འཁོགས་རྣམས་དང་མཇལ་འཕྲད་ཀྱིས་བསླབ་བྱ་དང་། གནས་གསུམ་ཌཱཀི་ཡོངས་འདུ་གླིང་ཤུཊ་གསེབ་འདུས་སྡེར་གཟིགས་སྐོར་དང་། བཙུན་མ་ཚོར་བསླབ་བྱ་གནང་ཡོད་འདུག

ཕྱི་ཚེས་ ༡༥ ཉིན་མུ་མཐུད་རྒྱལ་ས་འཕགས་ཤིང་ཁྱབ་ཁོངས། འཕགས་ཤིང་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གི་འདུ་ཁང་ནང་དགེ་འདུན་གྲྭ་བཙུན་བརྒྱ་ཕྲག་ཙམ་ལ་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་དང་། དགེ་འདུན་པས་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གང་ལེགས་གནང་དགོས་པའི་ལམ་སྟོན་གནང་ཡོད་འདུག་པ་དང་། དེ་ནས་རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་དབུ་ལས་རྣམ་པས་འཛིན་ཁང་རེ་རེ་ངོ་སྤྲོད་ཀྱིས་སློབ་གྲྭ་སྤྱི་ཡོངས་ལ་གཟིགས་ཞིབ།   དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་དུ་སྐྱབས་རྗེ་ཡོངས་འཛིན་མཆོག་མཇལ་ཁ་དང་། དགོན་པའི་གནས་སྟངས་རྒྱུས་ལོན། དེ་བཞིན་ཀེའི་རོང་ཐུབ་བསྟན་ཆོས་གླིང་དང་།  ཁང་པ་དམར་པོ་བཅས་ལ་གཟིགས་སྐོར།  བལ་ཡུལ་བུད་མེད་ཚོགས་པའི་རྒན་གསོ་ཁང་ལ་ཕེབས་ཏེ། དེར་ཡོད་རྒན་རབས་ཚོར་བཀའ་སློབ་ལམ་སྟོན་གནང་དགོས་པའི་རེ་བསྐུལ་ལྟར། སྤྱི་འཐུས་མཆོག་གིས་ནང་ཆོས་ལས་འཕྲོས་ཤི་ཁ་མའི་རྣལ་འབྱོར་ཇི་ལྟར་ཉམས་སུ་ལེན་ཚུལ་དང་ཆགས་ཞེན་གྱི་གཞི་རྩ་བཅའ་དངོས་གང་ཡོད་རྒན་གསོ་ཁང་གི་ཐེབས་རྩར་འབུལ་ན་ཤི་ཁ་བློ་བདེ་ངང་ཤི་ཐུབ་དགོས་སྐོར་ལམ་སྟོན་གནང་འདུག་པ་དང་། དེ་རྗེས་རྒྱལ་ས་འཕགས་ཤིང་གཉིས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་ཀྱི་ལྷན་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གནང་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་མཆོད་འཇོར་ས་གནས་འབྲེལ་ལས་གཉིས་ཀྱི་ཕྱག་རོགས་འོག་སྤྱི་འཐུས་མཆོག་གིས་མཆོད་རྟེན་ཁུལ་ལ་གཟིགས་སྐོར་འགོ་འཛུགས་ཏེ། ཐོག་མར་བདེ་སྐྱིད་ཁང་གསར་གཞིས་ཆགས་ལ་གཟིགས་སྐོར་གྱིས་དེར་ཡོད་མང་ཚོགས་ལ་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ས་གནས་སྨན་རྩིས་ཁང་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། གཞིས་ཁང་། རྩིས་ཞིབ་ལས་ཁུངས། མཆོད་འཇོར་ས་འགོ་ལས་ཁུངས་སོགས་ལ་གཟིགས་ཞིབ་གནང་ཡོད་པ་དང་། དེ་ནས་ས་འཐུས་ཚོགས་གཙོ་གཙོས་ཚོགས་མི་རྣམ་པ་དང་། མཆོད་འཇོར་ས་གནས་རང་བདེན་ཚོགས་མི་རྣམ་པ། འབྲེལ་ཡོད་ལས་བྱེད་བཅས་ཀྱི་ལྷན་བཞུགས་མོལ་འཚོགས་འདུ་ཞིག་འཚོགས་གནང་བ་དང་། སྐབས་དེར་སྤྱི་འཐུས་མཆོག་གིས་གསུང་བཤད་གནང་ཡོད། རིམ་པས་ས་གནས་མདོ་སྟོད་ལས་ཁུངས་དང་། ཐེག་མཆོག་གླིང་དགོན་པ། རོང་ཤར་ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་། བོ་དོང་པཎ་ཆེན་གྱི་གདན་ས་སྤོ་རོང་དཔལ་མོ་ཆོས་སྡིངས་བཅས་ལ་གཟིགས་སྐོར་དང་། ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་དགོན་གྱི་དགེ་འདུན་རྣམས་ལ་སྤྱི་འཐུས་མཆོག་གིས་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་མ་ཟད། ཚེ་རིང་རྒན་གསོ་ཁང་ལ་གཟིགས་སྐོར་དང་རྒན་རབས་རྣམས་ལ་ཆོས་ཀྱི་བསླབ་བྱ་དང་། ཐེག་མཆོག་གླིང་བཙུན་དགོན་གྱི་བཙུན་མ་རྣམས་ལ་གསུང་བཤད་དང་། སྐྱབས་རྗེ་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་ཞལ་མཇལ་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་གི་དགེ་འདུན་པ་ ༥༠ ཙམ་དང་། ཀོ་པན་མཁའ་སྤྱོད་དགའ་འཁྱིལ་གླིང་བཙུན་དགོན་དུ་བཙུན་མ་བརྒྱ་ལྷག་སོ་སོར་འདུ་འཛོམས་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། བཀའ་རྙིང་བཤད་སྒྲུབ་གླིང་དང་།  སྐྱིད་གྲོང་བཀྲ་ཤིས་བསམ་གཏན་གླིང་གྲྭ་ཚང་ལ་མཆོད་མཇལ་དང་། སློབ་གཉེར་བྱེད་ཕྱོགས་ཐོག་གཟིགས་ཞིབ་གནང་ཡོད་འདུག

ཕྱི་ཚེས་ ༡༩ ཉིན་འཇོར་སྤ་ཊི་ཁམས་པ་གཞིས་ཆགས་མང་ཚོགས་ལ་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། བལ་ཡུལ་གངས་ཅན་བདེ་རྩར་གཟིགས་སྐོར་གནང་སྟེ། ཚོགས་པའི་ལས་དོན་བྱེད་ཕྱོགས་དང་། དམིགས་ཡུལ་སོགས་ལ་རྒྱུས་ལོན་དང་།  ཨ་ཏི་ཤ་སློབ་གྲྭར་གཟིགས་སྐོར། འཇོ་ལ་ཁེལ་མི་མང་འདུ་འཛོམས་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་འབྲེལ་ཐོག་ལས་བྱེད་རྣམས་ཀྱི་ཐོག་རྣམ་རྒྱལ་མཐོ་སློབ་དང་། རྣམ་རྒྱལ་སློབ་འབྲིང་། སྲོང་བཙན་སློབ་གྲྭ། ཨ་ཏི་ཤ་སློབ་གྲྭ་བཅས་ཀྱི་སློབ་སྤྱི་དང་། དགེ་ཆེ། ཤེས་རིག་དཔར་ཁང་གི་འགན་འཛིན་བཅས་དང་ལྷན་བཞུགས་ཐོག་སྤྱི་འཐུས་མཆོག་གིས་གསུང་བཤད་དང་། བསམ་འཆར་བསྡུ་ལེན། བགྲོ་གླེང་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་ཆུ་བཟང་དགོན་པར་གཟིགས་སྐོར་གནང་རྗེས། རྣམ་རྒྱལ་མཐོ་སློབ་ཀྱི་སློབ་སྤྱི་མཆོག་དང་། དགེ་ཆོས། ལས་དྲུང་སོགས་ཀྱིས་སློབ་གྲྭའི་ཚོགས་ཁང་ནང་དུ་ཕེབས་བསུ་དང་། དགེ་སློབ་ ༤༠༠ ཙམ་ཚང་འཛོམས་ཐོག་སློབ་མ་ཚོས་རིགས་ལམ་འགྲན་བསྡུར་དང་། གླུ་གཞས་གཟིགས་འབུལ་ཞུས་རྗེས། སྤྱི་འཐུས་མཆོག་གིས་ཚུ་ཚོད་གཉིས་ཙམ་རིང་དགེ་རྒན་གྱི་འགན་ཁུར་དང་ཀུན་སློང་ཇི་ལྟར་ཁུར་དགོས་མིན་དང་། སློབ་མ་ཚོས་དགེ་རྒན་ལ་གུས་ཞབས་ཡོད་པའི་ཐོག་ནས་སོ་སོའི་མི་ཚེ་བཟང་པོ་སྐྱེལ་ཐུབ་ཐབས་བསམ་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་པ་སོགས་ཀྱི་གསུང་བཤད་དང་། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༢༢ ཉིན་རྒྱབ་མདོ་ཁམས་ཆུ་སྒང་ས་གནས་རྒྱུན་ལས་རྣམས་ཀྱིས་སྤྱི་འཐུས་མཆོག་ལ་གསོལ་སྟོན་བཤམས་གནང་ཡོད་པ་དང་། ཕྱི་ཚེས་ ༢༤ ཉིན་བལ་ཡུལ་ནས་བྷག་ཊོ་རར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༥ ཉིན་བྷག་ཊོ་ར་ནས་སྦེང་ལོར་ལ་ཕྱིར་ཕེབས། ཕྱི་ཚེས་ ༢༦ ཉིན་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད།

གཟིགས་སྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། བཞུགས་མོལ་ཚོགས་འདུ་ཐེངས་ ༣།  སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་མཆོག་གིས་གསུང་བཤད་ཐེངས་ ༡༦ ཙམ་གནང་ཡོད། དེ་བཞིན་སློབ་ཕྲུག་དང་། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཀྱིས་ད་རེས་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་པ་དང་། སྤྱི་འཐུས་མཆོག་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུས་ཡོད་པ་བཅས། །