སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་ད་ཐེངས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༦ ནས་ ༢༧ བར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཌ་ཀ་མངའ་སྡེའི་ནང་ཆགས་པའི་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་དང་། རྒྱ་གར་ལྷོ་ཕྱོགས་ཏ་མིལ་ནཱ་ཊུ་མངའ་སྡེའི་གྲོང་ཁྱེར་ཨུ་ཀྲི།(ooty) དང་། གྲོང་ཁྱེར་ཀོ་ཌེ་ཀ་ནལ་ (Kodaikanal) བཅས་ལ་ས་བགོས་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་གནང་སྟེ་ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་ཡོད།

དེ་ཡང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་ ༡༧ ཉིན་སྤྱི་འཐུས་རྣམ་གཉིས་ལྷན་འཛོམས་གནང་རྗེས། སྔ་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ལ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། གནམ་ཐང་དུ་འབྲེལ་ཡོད་ལྷོ་སྤྱི་ལས་བྱེད་བསམ་གཏན་ལགས་ནས་སྣེ་ལེན་དང་། དེ་ནས་ལྷོ་སྤྱི་ལས་ཁུངས་སུ་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་གཙོས་ལས་བྱེད་རྣམ་པ་དང་། བོད་ཁྱིམ་སྡོད་ཁང་གི་འགན་འཛིན་རྣམ་པས་སྣེ་ལེན་ཞུས་གནང་རྗེས། བོད་ཁྱིམ་སྡོད་ཁང་ཁག་ལ་གཟིགས་ཞིབ་དང་། ཕྱི་དྲོ་སྤྱི་འཐུས་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་ཀྱི་ལ་དྭགས་རིག་གཞུང་ཕན་བདེ་ཚོགས་པས་ (South India Ladakhi Cultural&Welfare Association) གོ་སྒྲིག་ཞུས་པའི་ལ་དྭགས་དབུས་འཛིན་མངའ་ཁུལ་དུ་བསྒྱུར་བའི་ (Union Territory to Ladakh) དགའ་སྟོན་མཛད་སྒོའི་ཐོག་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་བཅར་གནང་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་སྦེང་ལོར་ནས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་འཕྲལ། དེ་གའི་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི། མཉམ་འབྲེལ་དྲུང་ཆེ། ཆོས་སྒར་ཁག་གི་སྐུ་ཚབ། སློབ་སྤྱི། ས་གནས་སྨན་ཁང་ཁག་གི་འགན་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གྲོང་སྡེ་ ༢༢ ཀྱི་བརྒྱ་དཔོན་སོགས་ནས་སྣེ་ལེན་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༡༩ ཉིན་ནས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ལས་རིམ་ཁག་དབུ་འཛུགས་ཀྱིས་ཐོག་མར་སྤྱི་འཐུས་རྣམ་གཉིས་ནས་དེ་ཉིན་སྔ་དྲོ་གཞིས་ཆགས་ཀྱི་ས་འཐུས་ཚོགས་གཙོ་དང་། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཞོན་བཅས་ཀྱི་ལྷན། ས་གནས་སུ་ཡོད་པའི་༸རྒྱལ་བའི་ཕོ་བྲང་དང་། གཞིས་སྤྱིའི་མགོན་ཁང་། རྫོགས་ཆེན་དགོན་པ། སྟག་ཤམ་དགོན་པ། ཟེ་ཕུགས་དགོན་པ། དར་རྒྱས་དགོན་པ། རྟ་རྣ་དགོན་པ། བག་ཡོད་དགོན་པ། གསང་སྔགས་དར་རྒྱས་གླིང་དགོན་པ། བཀའ་བརྒྱུད་དགོན་པ་བཅས་སུ་གནས་གཟིགས་དང་། དེ་རྗེས་གྲོང་སྡེ་ (u) ལ་ཡོད་པའི་ངག་དབང་སི་པན་བཟོ་ས་དང་། མཉམ་འབྲེལ་འཕྲུལ་ལས་སྡེ་ཚན། གྲོང་སྡེ་ (c) ལ་ཡོད་པའི་སྐལ་བཟང་ཚེ་རིང་གི་རྩམ་པ་བཟོ་ས། སྒོག་པ་འདེབས་སའི་ཞིང་ས། ཤིང་ནགས་དང་ཞིང་སའི་མཚམས་སུ་གླང་ཆེན་དང་རི་ཕག་བཅས་ཀྱི་གནོད་འཚེ་ལས་སྲུང་སྐྱོབ་ཆེད་ས་དོང་དྲུས་པ་བཅས་ལ་གཟིགས་སྐོར་དང་།

ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་སམ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་ཕེབས་སྐབས། སློབ་གྲྭའི་སློབ་སྤྱིས་གཙོས་དགེ་ལས་དང་། སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་སྣེ་ལེན་དང་སྦྲགས། སློབ་གྲྭའི་ཚོགས་ཁང་ནང་དགེ་སློབ་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་ཤེས་ཡོན་སྐོར་དང་། ༸གོང་ས་མཆོག་གི་མཛད་འགན་བཞི། བོད་ཕྱི་ནང་གི་གནས་སྟངས། བོད་ཕྲུག་རྣམས་ནས་ཤེས་ཡོན་འདབ་གཤོག་གཉིས་ལྡན་དགོས་གལ། གཙང་སྦྲ་འཕྲོད་བསྟེན་སྐོར། སློབ་གྲྭ་རྩིས་ལེན་ཟིན་རྗེས་བོད་པ་རང་གི་དགེ་རྒན་དང་ལས་བྱེད་རྣམས་ནས་ལྷག་བསམ་ཆེན་པོས་སློབ་ཁྲིད་དང་། འཛིན་སྐྱོང་གནང་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་རྗེས། སློབ་གྲྭའི་ལས་བྱེད་སྡོད་ཁང་དང་། འཛིན་ཁང་། དཔེ་མཛོད་ཁང་བཅས་ལ་གཟིགས་ཞིབ་དང་། དེ་བཞིན་གྲོང་སྡེ་ཁག་གི་བུ་བཅོལ་ཁང་ཁག་གསུམ་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་སྨན་རྩིས་ཁང་། ས་གནས་རྒས་གསོ་ཁང་། ས་གནས་རང་བདེན་ཚོགས་ཆུང་། ས་འཐུས་ཚོགས་ཁང་། གཞིས་མཉམ་ལས་ཁུངས། ཞིང་པ་ཁག་གསུམ་གྱི་ཞིང་ས་བཅས་ལ་གཟིགས་ཞིབ་གནང་ཡོད།

ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ས་གནས་མཉམ་འབྲེལ་ཚོགས་ཁང་ཆེན་མོའི་ནང་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་མང་ཚོགས་ ༣༠༠ ལྷག་འདུ་འཛོམས་ཐོག སྤྱི་འཐུས་རྣམ་གཉིས་ནས་༸གོང་ས་མཆོག་གི་མཛད་འཕྲིན་དང་། བོད་མིའི་ཡ་རབས་བཟང་སྤྱོད་སྐོར། བོད་མི་རྣམས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གནང་དགོས་པ། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་གལ་གནད། རང་བཙན་འཐབ་རྩོད་ཡང་བོད་མི་རྣམས་ཀྱི་ཐོབ་ཐང་ལས་བོད་མི་ནང་ཁུལ་དབུ་མའི་ལམ་དང་རང་བཙན་དབར་འགལ་ཟླ་ལྟ་བུ་ཆགས་ན་བོད་མིའི་འཐབ་རྩོད་ལ་ཕན་ཐོགས་མེད་སྐོར། རྒྱལ་སྤྱིའི་གནས་བབ་ཀྱི་ཐོག་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་གནས་ཚད། བོད་ནང་གི་གནས་སྟངས། རྒྱ་ནག་གི་གནས་སྟངས་དང་འགྱུར་འགྲོས་སོགས་ཀྱི་བརྗོད་གཞི་དང་འབྲེལ་བའི་སྐོར་གསུང་བཤད་དང་། མི་མང་ནས་དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་།

ཕྱི་དྲོ་སྤྱི་འཐུས་རྣམ་གཉིས་ནས་ཚོགས་ཁང་འདིར་ས་གནས་འགོ་འཛིན་དང་ལས་བྱེད། ས་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་པའི་ཚོགས་མི་རྣམ་པ། ས་གནས་རང་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི། མཉམ་འབྲེལ་གྱི་ཚོགས་གཞོན། སློབ་གྲྭའི་སློབ་སྤྱི། ས་གནས་སྨན་ཁང་ཁག་གཉིས་ཀྱི་འགན་འཛིན། གྲོང་སྡེ་ ༢༢ ཀྱི་སྤྱི་མི་སོགས་ཀྱི་ལྷན་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གནང་བའི་ཐོག་གཞིས་ཆགས་ཀྱི་དཀའ་ངལ་ཁག་དང་། སློབ་གྲྭའི་གནས་སྟངས་སྐོར་སོགས་ཀྱི་ཐོག་གོ་བསྡུར་ལྷུགས་པོ་གནང་ཡོད་པ་མ་ཟད། གནད་དོན་དེ་དག་དང་འབྲེལ་བའི་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་ཞུས་གནང་རྗེས། ཉིན་གསུམ་རིང་གི་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་གནང་ཡོད་འདུག

ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ཨུ་ཀྲི་བོད་མིའི་ཁྲོམ་སར་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་འཕྲལ། ས་གནས་བལ་གོས་ཚོང་པའི་ཚོགས་གཙོ་གཙོས་རྒྱུན་ལས་རྣམ་པ་དང་། ལྷོ་སྤྱི་ལས་བྱེད་ཀརྨ་དགེ་ལེགས་ལགས་བཅས་ནས་སྣེ་ལེན་ཞུས་གནང་བ་དང་། དེ་ནས་ས་གནས་བོད་མིའི་ཁྲོམ་ས་ཁག་ ༦༣ ཡོད་པར་གཟིགས་ཞིབ་དང་།

ཕྱི་དྲོ་ས་གནས་བོད་མིའི་ཁྲོམ་སའི་ཚོགས་ཁང་ནང་ཚོང་པ་བརྒྱ་མ་ཟིན་ཙམ་ལྷན་འཛོམས་ཐོག སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་༸གོང་ས་མཆོག་གི་མཛད་འགན་བཞི་ངོ་སྤྲོད་དང་འབྲེལ་བོད་མི་རྣམས་ནས་དེ་དག་ཉམས་ལེན་ཞུ་དགོས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་འབྱུང་རིམ་དང་གལ་གནད། རྒྱལ་སྤྱིའི་གནས་བབ། རྒྱ་ནག་གི་འགྱུར་འགྲོས། བོད་ནང་གི་ཛ་དྲག་གནས་སྟངས། གྲོས་ཚོགས་ཚོགས་དུས་བདུན་པའི་ལས་རིམ་སོགས་ཀྱི་སྐོར་ལ་གསུང་བཤད་དང་།

སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་གིས་༸གོང་ས་མཆོག་དང་། གནས་ཡུལ་རྒྱ་གར་གཞུང་མང་བཅས་བོད་པར་བཀའ་དྲིན་ཆེ་ཚུལ་དང་། བོད་མིའི་ཡ་རབས་བཟང་སྤྱོད་མི་ཉམས་པ་གནས་དགོས་པ། བོད་མི་ནང་ཁུལ་མཐུན་ལམ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་དགོས་པ། ས་གནས་ཡུལ་ཁྲིམས་ཁག་ལ་བརྩི་སྲུང་དགོས་གལ་བཅས་ཀྱི་ཐོག་གསུང་བཤད་གནང་སྟེ། ཉིན་གཅིག་རིང་གི་ཨུ་ཀྲི་ས་གནས་ཀྱི་ལས་རིམ་ལེགས་གྲུབ་གནང་ཡོད་འདུག

ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ཨ་ཀྲི་ནས་ཀོ་ཌེ་ཀ་ནལ་ཕྱོགས་སུ་ཕེབས་ཐོན་གྱིས་ཕྱི་དྲོ་ས་གནས་སུ་འབྱོར་མཚམས། འབྲེལ་ཡོད་བལ་གོས་ཚོང་པའི་འཐུས་མི་རྣམ་པས་སྣེ་ལེན་ཕེབས་བསུ་གནང་བ་དང་། དེ་རྗེས་སྤྱི་འཐུས་རྣམ་གཉིས་ནས་ས་གནས་འབྲེལ་ཡོད་རྣམས་ཀྱི་ལྷན་དེ་གའི་ཁྲོམ་ས་ཁག་ ༣༠ ཡོད་པར་གཟིགས་ཞིབ་དང་། དགོང་མོ་ས་གནས་བལ་གོས་ཚོང་པ་བོད་མི་ ༡༥ ཙམ་ཡོད་པ་འདུ་འཛོམས་ཐོག སྤྱི་འཐུས་རྣམ་གཉིས་ནས་གོང་བཞིན་གསུང་བཤད་དང་། ས་གནས་བོད་རིགས་རྣམས་ནས་དྲི་བ་བཏང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ཉིན་གཅིག་རིང་གི་ཀོ་ཌེ་ཀ་ནལ་ཁུལ་གྱི་ལས་རིམ་ལེགས་གྲུབ་གནང་ཡོད་འདུག

སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཀོ་ཌི་ཀ་ནལ་ས་གནས་ནས་སྦེང་ལོར་ཕྱོགས་སུ་ཕྱིར་ཕེབས་ཀྱིས་ཕྱི་དྲོ་སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་འབྱོར་འཕྲལ། ལྷོ་སྤྱི་ལྷན་ཀོ་ལེ་གྷལ་གཞིས་ཆགས་དང་། བལ་གོས་ཚོང་པའི་ཚོགས་ཁག་གཉིས་ཀྱི་གནས་སྟངས་དང་། ལྷག་པར་ཨུ་ཀྲི་བལ་གོས་ཚོང་པའི་ཁྲོམ་སའི་ས་རིན་སྤར་ཆའི་སྐོར་ལྷོ་སྤྱི་ལས་ཁུངས་ནས་འབྲེལ་ཡོད་ས་གནས་དཔོན་རིགས་མཉམ་འབོད་སྐུལ་གྱིས་རང་འཇགས་གནས་ཐབས་དགོས་སྐོར་གྱི་ལམ་སྟོན་ཞུས་གནང་རྗེས། ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་དང་། ཨུ་ཀྲི། ཀོ་ཌེ་ཀ་ནལ་བཅས་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་གནང་ཡོད་འདུག

གཟིགས་སྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། བཞུགས་མོལ་ཚོགས་འདུ་ཐེངས་ ༡། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༤ ཙམ་གནང་ཡོད། དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཆེད་ཕར་ཕེབས་ཚུང་འོར་ཐེ་བའི་ཉིན་གྲངས་ ༡༡ རིང་གི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །