སྤྱི་འཐུས་པདྨ་ཕྱག་མཛོད་ཚང་མཆོག་གིས་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་དགོངས་རྫོགས་རྗེས་དྲན་མཛད་སྒོར་གསུང་བཤད་གནང་བ།




༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༦ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་བྱང་ཨ་རིའི་༧པཎ་ཆེན་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་གོ་སྒྲིག་ཚོགས་ཆུང་ནས་གོ་སྒྲིག་ཞུས་པའི་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ་ ༣༠ འཁོར་བའི་རྗེས་དྲན་མཛད་སྒོར་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་མཆོག་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཐོག་ནས་ཆེད་ཕེབས་གནང་ཡོད་འདུག
སྐབས་དེར་སྤྱི་འཐུས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་། གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། གསུང་དོན། བོད་མི་ཚང་མས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་དགོངས་རྫོགས་རྗེས་དྲན་ཞུ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན་པ་དང་། ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོ་བོད་མི་རིགས་དང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དང་དེ་བཞིན་བོད་ཀྱི་བདེན་པ་དང་དྲང་བདེན་གྱི་འཐབ་རྩོད་ཆེད་རླབས་ཆེན་གྱི་བློས་བཏང་གནང་བའི་མཛད་རྗེས་ལ་ང་ཚོས་དྲན་གསོ་ཞུས་པ་ཙམ་མ་ཡིན་པར་བཀའ་དྲིན་བསམ་ཤེས་ཞུ་དགོས་པ། ཕྱི་ལོ་ ༢༠༠༩ ལོར༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་ངོ་ ༢༠ འཁོར་པའི་རྗེས་དྲན་སྐབས། ༧པན་ཆེན་རིན་པོ་མཆོག་ནི་ཧ་ལས་པའི་སྙིང་སྟོབས་དང་བློ་ཁོག་ཡོད་པ། ཆོས་ཕྱོགས་ནས་བསྟན་པའི་མཛད་རྗེས་མཛད་པ་དང་ཆབས་ཅིག་བོད་སྤྱི་པའི་དོན་དུ་ཞེ་དྲགས་ཀྱིས་ཐུགས་ཁུར་བཞེས་མཁན་ཞིག་དང་བདེན་པའི་འཐབ་རྩོད་ནང་མིག་དཔེར་འོས་པ་ཞིག་རེད་ཅེས་བཀའ་གནང་ཡོད་སྐོར་གསུངས་པ་མ་ཟད་ཉེ་ཆར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་༧པན་ཆེན་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་ ༣༠ འཁོར་ལ་ཉེ་བའི་སྐབས་ཐུགས་སྨོན་གནང་བའི་ནང་༧པན་ཆེན་རིན་པོ་ཆེ་མཆོག་ལ་ཆ་བཞག་ན་དུས་ཚོད་ཉག་ཕྲ་བའི་སྐབས་སུ་ཐུགས་སྟོབས་དང་ལྷག་བསམ་འཆུག་པ་མེད་པ་ཞིག་དང་གོ་སྐབས་ཇི་ཡོད་ལ་ཁོང་གིས་ཐུགས་བཞེས་འདོར་བ་མེད་པའི་སྒོ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་སུ་བོད་གངས་ཅན་གྱི་བདེ་སྐྱིད་དང་བདེ་སྡུག་ལ་རིན་པོ་ཆེས་ཐུགས་ཁུར་ཞེ་དྲགས་བཞེས་ཡོད་པ་དང་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་པ་དེ་ནི་བོད་མིའི་བསོད་ནམས་ཀྱིས་མ་ལྕོགས་པ་ལྟ་བུ་ཞིག་བྱུང་ཡོད་པ་བཀའ་གནང་ཡོད་སྐོར་དང་། བོད་ནང་བོད་རིགས་གོ་གནས་ཡོད་པ་མང་པོ་བྱུང་ཡོད་ཀྱང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བློ་ཁོག་ཆེན་པོས་སྐྱོན་བརྗོད་གནང་མཁན་༧པན་ཆེན་རིན་པོ་ཆེ་མཆོག་ལས་ཕལ་ཆེར་བྱུང་མེད་པ་རེད།
དེ་ནས་༧པན་ཆེན་རིན་པོ་ཆེ་མཆོག་གི་མཛད་པ་སྙིང་བསྡུས་ནང་། ཁོང་གིས་ཕྱི་ལོ་ ༡༩༦༢ ལོར་བོད་ཀྱི་གནས་སྟངས་ལ་གཟིགས་ཞིབ་སྐོར་བསྐྱོད་གནང་བའི་རྗེས་རྒྱ་ནག་གཞུང་གིས་བཤད་པ་དང་དངོས་ཡོད་བོད་ནང་གི་གནས་སྟངས་ལ་ཧ་ཅང་ཁྱད་པར་ཆེན་པོ་ཡོད་པ་དང་། བོད་མིའི་གནས་སྟངས་ཞེ་དྲགས་སྐྱོ་བོ་ཡོད་པ་སོགས་ཡིག་འབྲུ་ཁྲི་བདུན་གྱི་ཞུ་ཡིག་ཕུལ་བའི་རྐྱེན་གྱིས་ལོ་ངོ་ ༡༣ ཙམ་བཙོན་འཇུག་བྱས་པ་མ་ཟད་བཟང་བཙོན་དུ་ལུས་པ་སོགས་སྐུ་ངལ་ཧ་ཅང་ཆེན་པོ་གདོང་ལེན་གནང་དགོས་བྱུང་སྐོར། གོ་གནས་བསྐྱར་གསོ་བྱུང་རྗེས་རིན་པོ་ཆེ་མཆོག་གིས་བོད་མི་རིགས་ཀྱི་སྲོག་ཤིང་དེ་བོད་སྐད་ཡིན་པར་ངོས་འཛིན་ཆེན་པོ་གནང་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་གྱི་ལས་དོན་རྒྱ་ཆེ་མཛད་ཡོད་པ། དཔེར་ན་བོད་ནང་པཎ་ཆེན་སློབ་གྲྭ་ཞེས་གསར་འཛུགས་གནང་བ་དང་ལྷག་པར་དུ་བོད་ཀྱི་ཞིང་འབྲོག་ས་ཁུལ་ལ་བོད་ཡིག་འཛིན་གྲྭ་ཞེས་བོད་ཡིག་ཁོ་ན་སློབ་འཁྲིད་གནང་རྒྱུའི་ལས་དོན་སྤེལ་གནང་ཡོད་པ་དང་དེ་བཞིན་བོད་རྒྱ་ཟུང་འབྲེལ་གྱི་བོད་རིགས་ཤེས་ལྡན་མི་སྣ་གསོ་སྐྱོང་མཛད་ཡོད་པ་སོགས་གང་ལྟར་བོད་མི་རིགས་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་མཛད་རྗེས་རླབས་ཆེན་བཞག་གནང་ཡོད་པ། ཚང་མས་༧གོང་ས་མཆོག་གི་ངོས་འཛིན་གནང་པའི་ཡང་སྲིད་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྩད་གཅོད་དང་ཁོང་གློད་གྲོལ་ཡོངས་ཐབས་ལ་ཤུགས་བརྒྱབ་པ་ཡིན་ན་རྗེས་དྲན་ཡག་ཤོས་ཡིན་སྐོར་གསུངས།
ལྷག་པར་དུ་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་ལོ་ ༦ ལ་ཕེབས་སྐབས་རྒྱ་མིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་འགྱུར་བ། ཐ་ན་ཁོང་སྐུ་འཚོ་ཡོད་མིན་ཡང་ཤེས་རྟོགས་མེད་པ་ཆགས་ཡོད་དུས་ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས། གདན་ས་བཀྲ་ཤིས་ལྷུན་པོ་གཙོས་པའི་བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ནས་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་མཁྱེན་རྟོགས་ཆེད་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པར་རྒྱ་གཞུང་ནས་གསལ་བཤད་དང་ལེན་འདེབས་ཤིག་མ་བྱུང་བར་ང་ཚོས་རྒྱ་གཞུང་ལ་གནོན་ཤུགས་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་དགོས་ལུགས་དང་། ཀུན་གཟིགས་༧པཎ་ཆེན་མཆོག་གི་དགོངས་དོན་ལྟར་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་དང་ལྷག་པར་དུ་ནུབ་ཕྱོགས་ལུང་པའི་ནང་ཡོད་པའི་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་དོ་སྣང་བྱ་དགོས་པ་མ་ཟད་སོ་སོའི་བུ་ཕྲུག་ཚོ་ལའང་བོད་སྐད་དང་བོད་ཡིག་ལ་དོ་སྣང་ཡོང་ཐབས་ཀྱི་འབད་རྩོན་གནང་རོགས་ཞུས་པའི་ལྷན་བོད་མི་རིགས་ཀྱི་སྲོག་ཤིང་བོད་པའི་སྐད་ཡིག་དང་ཆོས་དང་རིག་གཞུང་གཅེས་འཛིན། དེ་བཞིན་༧གོང་ས་མཆོག་གི་དགོངས་དོན་དང་ལྷག་པར་དུ་བོད་ནང་ཛ་དྲག་གི་གནས་སྟངས་སྐབས་གཞིས་བྱེས་མཉམ་རུབ་ཐོག་བོད་པའི་རྩ་དོན་དང་འཐབ་རྩོད་ཆེད་མུ་མཐུད་རྡོག་རྩ་ཆིག་སྒྲིལ་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད།མཐའ་དོན་དེར་རྗེས་དྲན་གྱི་མཛད་སྒོའི་ཐོག་བྱང་ཨ་རིའི་སྤྱི་འཐུས་ཞིག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་བཅར་རྒྱུའི་གོ་སྐབས་བྱུང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །